རེབ་གོང་གི་བོད་པའི་སློབ་ཆུང་ཁག་ཅིག་སྒོ་བརྒྱབ།

རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་འོག་རེབ་གོང་རྒྱལ་པོ་རླངས་ཚང་ཕྱོགས་ཀྱི་སློབ་ཆུང་རྣམས་སྒོ་བརྒྱབ་ཏུ་བཅུག་སྟེ་བཙན་གྱིས་བོད་ཕྲུག་བྱིས་པ་རྣམས་རྫོང་དང་ཁུལ་སོགས་ཀྱི་གྲོང་ཁྱེར་སློབ་ཆུང་ཁག་གི་ནང་བཅུག་དགོས་པའི་བཀའ་བཏང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་འདི་ག་གསར་ཁང་ལ་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་མཚོ་སྔོན་ཞིང་ཆེན་རེབ་གོང་རྒྱལ་བོ་རླངས་ཚང་གི་སྡེ་བ་ཁག་ཏུ་ཡོད་པའི་བོད་ཀྱི་སློབ་ཆུང་ཁག་སྒོ་བརྒྱབ་ཏུ་བཅུག་སྟེ། ཕ་མ་དང་ས་གནས་མི་མང་ལ་འདོད་བློ་མེད་བཞིན་དུ་བོད་པའི་སློབ་མ་རྣམས་རྫོང་དང་ཁུལ་རིམ་པའི་སློབ་གྲྭ་སོགས་ཀྱི་ནང་གཏོང་གི་ཡོད་པ་མ་ཟད། སློབ་ལོ་རན་པའི་བྱིས་པ་རྣམས་ངེས་པར་དུ་སློབ་གྲྭར་གཏོང་དགོས་པ་དང་། གལ་སྲིད་གཞུང་གི་བཀའ་ལ་མ་རྩིས་ཚེ་ཁྱིམ་བདག་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཀའ་ཁྱབ་བསྒྲགས་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས། ད་ལྟ་རེབ་གོང་ཁུལ་ཐོག་གི་ཉེ་འགྲམ་དུ་ཡོད་པའི་རེབ་གོང་རྒྱལ་བོ་རླངས་ཚང་ཕྱོགས་ཀྱི་སྡེ་བའི་ནང་གི་སློབ་གྲྭ་ཚང་མ་སྒོ་བརྒྱབ་སྟེ། གཞུང་གི་བཀའ་རྒྱ་ཡིན་ཟེར་ནས་ལོ་ཚོད་ཟིན་པའི་བྱིས་པ་རྣམས་ཁུལ་དང་རྒྱ་ནག་ཏུ་སློབ་གྲྭར་སྐྱེལ་དགོས་པ་དང་། གལ་སྲིད་སློབ་ལོ་རན་པའི་བྱིས་པ་ཚོ་རྒྱ་ནག་གི་སློབ་གྲྭ་གང་རུང་ལ་མ་བསྐྱལ་ཚེ་ཁྱིམ་བདག་ཚོར་རྒྱལ་ཁབ་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ཟེར་གྱི་འདུག ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་རེབ་གོང་རྒྱལ་པོ་རླངས་ཚང་གི་སྡེ་བ་ ༡༡ ནང་ཁྱོན་སློབ་ཆུང་ག་ཚོད་ཡོད་མེད་འབྲེལ་ཡོད་ཅིག་ལ་སྐད་ཆ་དྲིས་པར་ཁོང་གིས། ད་ལྟའི་ཆར་ག་ཚོད་ཡོད་མེད་ཤེས་མ་སོང་། སྔོན་ཆད་ང་རང་བོད་དུ་ཡོད་སྐབས་བཞི་ལྔ་ཞིག་ཡོད་པ་རེད་ཅེས་བརྗོད་བྱུང་།

གནས་ཚུལ་འདིའི་སྐོར་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། བུ་ཕྲུག་གི་ཕ་མ་ཚོས་ས་གནས་སྲིད་གཞུང་ལ་སོ་སོའི་བུ་ཕྲུག་རྣམས་ཁ་ཐག་རིང་བའི་སློབ་གྲྭར་བསྐྱལ་མི་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ངོས་ལེན་བྱས་མེད་པ་མ་ཟད། ཕ་མ་ཁག་ཅིག་གིས་གཞུང་ལ་ངོ་རྒོལ་བྱེད་སྐབས། ས་གནས་ཉེན་རྟོག་པས་སྐྱེས་པ་ཞིག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་སྐོར་སོགས་བརྗོད་འདུག

གཞན་ཡང་། མཚོ་ནུབ་ཁུལ་གསེར་ཆེན་རྫོང་གི་བོང་སྟག་ཕྱོགས་ཀྱི་བོད་ཀྱི་སློབ་ཆུང་དང་སློབ་འབྲིང་ཁག་ཏུ་བོད་ཡིག་སློབ་འཁྲིད་མཚམས་འཇོག་གིས། བཙན་གྱིས་སློབ་མ་ཚོར་རྒྱ་ཡིག་ཁོ་ན་སློབ་འཁྲིད་བྱེད་དུ་འཇུག་གི་ཡོད་པ་དང་། རྒྱ་ནག་གིས་རེབ་གོང་ཕྱོགས་ཀྱི་སློབ་མ་རྣམས་ཀྱང་རྒྱ་ནག་གི་སློབ་གྲྭར་འཇུག་དོན་ནི། རྒྱ་ཡིག་གཙོར་བཟུང་གིས་སློབ་འཁྲིད་ཀྱི་ལམ་དུ་ཞུགས་བཅུག་སྟེ། བོད་སྐད་བོད་ཡིག་མི་ཤེས་པའི་མི་རབས་ཤིག་སྐྱེད་སྲིང་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ལ། ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བོད་ཀྱི་སྐད་ཡིག་གཏོར་བརླག་ཐད་སྲིད་བྱུས་མི་འདྲ་བ་རིམ་པ་སྤེལ་གྱི་ཡོད་པ་དང་། དེའི་ནང་ནས་ཀྱང་གཞོན་སྐྱེས་ཚོར་དམིགས་འབེན་བཟུང་ཡོད་པའི་རྒྱུ་མཚན་གཅིག་ནི། དེང་སྐབས་བོད་ནང་དར་སྲོལ་ཆེ་བའི་མགྱོགས་འཕྲིན་ཟེར་བ་དེ་རེད། བོད་མི་ཚོས་མགྱོགས་འཕྲིན་རྩེ་སྐབས་བོད་སྐད་ཤོད་མི་ཆོག་པར་རྒྱ་སྐད་དང་སྦྲགས་སྐད་ར་མ་ལུག་རྐྱང་རྐྱང་བཤད་དགོས་པ་བཟོས་ཡོད་པ་རེད། མགྱོགས་འཕྲིན་རྩེ་མཁན་ཕལ་ཆེ་བ་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply