བོད་མི་འདུས་སྡོད་ཁུལ་དུ་ཏོག་དབྱིབས་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་འདུག

དྷ་ས་གངས་སྐྱིད་དུ་ཡོད་པའི་རྒྱ་གར་དངུལ་ཁང་ཞིག་གི་ནང་ཏོག་དབྱིབས་ནད་རྟགས་ཅན་ཐོན་པར་བརྟེན་མི་དེར་འབྲེལ་གཏུག་བྱུང་མཁན་ཚང་མ་ཉིན་གྲངས་ ༡༤ རིང་ཁྱིམ་སྡོད་ཟུར་བཀག་ཏུ་འདུག་དགོས་པའི་བཀོད་ཁྱབ་བཏང་འདུགཁ་སང་ཕྱི་ཚེས་ ༡༤ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་རྒྱ་གར་ཀཱ་ནཱ་རཱ་དངུལ་ཁང་(Canara bank)གི་ལས་བྱེད་ཅིག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་ལྟར། དེ་རིང་སྔ་དྲོ་ནས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱིས་ལས་ཁུངས་ཚང་མར་དུག་སེལ་དང་། ལས་བྱེད་ཚོར་ཚ་བ་སོགས་ལ་བརྟག་དཔྱད་གནང་རྗེས།  ཕྱི་དྲོ་ནས་གུང་གསེང་བཏང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་ནད་པ་དེ་དང་འབྲེལ་འདྲིས་བྱུང་བ་རྣམས་ཉིན་གྲངས་ ༡༤ རིང་ཁྱིམ་སྡོད་ཟུར་བཀག་དང་། ལས་བྱེད་ཚོས་ཕར་འགྲོ་ཚུར་འོང་གི་སྐབས་སུ་ཡིད་གཟབ་དང་རྒྱུན་ལྡན་འཕྲོད་བསྟེན་བྱེད་སྒོ་ཁག་ལག་བསྟར་དོ་ནན་དགོས་པའི་བཀོད་ཁྱབ་ཅིག་བཏང་འདུག

བཀོད་ཁྱབ་ནང་། ལམ་སྟོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གང་ཞིག་ཏོག་དབྱིབས་གཉན་རིམས་༡༩ ནད་གཞི་ཕོག་པའི་མི་དང་ཐད་ཀར་འབྲེལ་བ་བྱུང་བ་རྣམས་རྩད་གཅོད་ཐུབ་པའི་ཆེད་དུ་ཡིན་ལ། དེ་ལྟར་གནང་དགོས་པའི་དགོས་པ་ནི་ནད་གཞི་ཕོག་པའི་མི་དང་འབྲེལ་བ་བྱུང་བ་རྣམས་སྔོན་ཚུད་ནས་རྩད་གཅོད་ཐུབ་པ་བརྒྱུད་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་བྱ་རྒྱུ་དང་། འབྲེལ་ཐུག་ཚོད་འཛིན་དང་གནང་སྒོ་ཁག་ནི། ལས་བྱེད་གང་ཞིག་ཕྱི་ལོ་༢༠༢༠ ཟླ་༩ ཚེས་༧ ནས་ཚེས་༡༤ བར་གངས་སྐྱིད་ཀ་ན་ར་དངུལ་ཁང་ནང་ཕེབས་པ། འབྲེལ་ཐུག་བྱུང་། མི་རྣམས་ཉུང་མཐར་ཉིན་གྲངས་༡༤ རིང་རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་དགོས་སྐོར་བཀོད་འདུག

ཡང་བཀོད་ཁྱབ་ནང་། ནད་པ་དང་འབྲེལ་འདྲིས་བྱུང་ཡོད་པའི་ཉེན་ཚབས་ཆེ་བའི་རིགས་ལ། ལས་བྱེད་གང་ཞིག་གངས་སྐྱིད་ཀ་ན་ར་དངུལ་ཁང་དུ་ཕེབས་ཐོག་གཤམ་གསལ་གྱི་དོན་གནད་རྣམས་ཚང་བ། ཀ། ནད་གཞི་ཕོག་པའི་མི་དེ་དང་ཐད་ཀར་འབྲེལ་བ་བྱུང་བ། ཁ། ནད་གཞི་ཕོག་པའི་མི་མཉམ་དུས་ཡུན་སྐར་མ་བཅོ་ལྔ་ལས་མང་བ་འབྲེལ་ཐུག་བྱུང་བ། ག།  ལས་བྱེད་གང་ཞིག་ནད་གཞི་ཕོག་པའི་མི་མཉམ་རྒྱང་ཐག་མི་ཊར་གཅིག་ནང་ཚུད་ཁ་རས་སོགས་སྔོན་འགོག་ཐབས་ལམ་གང་ཡང་བསྟེན་མེད་པ་དང་། ཉེན་ཚབས་ཆུང་བའི་རིགས་ལ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གང་ཞིག་ཕྱི་ལོ་༢༠༢༠ ཟླ་ ༩ ཚེས་ ༧ ནས་ ༡༤ བར་གངས་སྐྱིད་ཀ་ན་ར་དངུལ་ཁང་ནང་དུ་ཕེབས་པ་གང་ཞིག་གོང་གསལ་ཉེན་ཚབས་ཆེ་བའི་དོན་གནད་རྣམས་ཚང་མེད་ཀྱང་། ཉེན་ཚབས་ཆུང་བའི་མི་རྣམས་ཉིན་གྲངས་༡༤ རིང་རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ནས་དེའི་བར་ཚ་བ་འཕར་བ་སོགས་ནད་རྟགས་མངོན་མིན་རྟོག་ཞིབ་འོག་གནས་རྒྱུ་བཅས་ཡིན་སྐོར་བརྗོད་འདུག

མཇུག་ཏུ་ཐུགས་སྣང་དགོས་པའི་སྐོར་ལ། ལས་བྱེད་གང་ཞིག་ལ་གློ་རྒྱག་པ་སོགས་ཆམ་ཚད་ལྟ་བུའི་ནད་རྟགས་ཡོད་མེད་སོ་སོས་རྟོག་ཞིབ་གནང་ནས་སྔོན་ཚུད་ནས་ཤེས་རྟོགས་དགོས་གལ་ཆེ། ལས་བྱེད་ཚང་མས་ལས་ཡུལ་དང་ལྷག་པར་ཕྱིར་ཕེབས་སྐབས་ངེས་པར་ཁ་རས་གྱོན་རྒྱུ་དང༌། མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སཡང་འཁྲུ་རྒྱུ་དང་ཉེ་འཁོར་རྣམས་དུག་སེལ་གནང་རྒྱུ་དང་། འདུ་འཛོམས་རིགས་ལ་ངེས་པར་འཛེམ་དགོས་པ་བཅས་ཡིན་སྐོར་བཀོད་འདུག

བདུན་ཕྲག་འདིའི་ནང་བཙན་བྱོལ་བོད་མིའི་འདུས་སྡོད་ཁུལ་དུ་ཏོག་དབྱིབས་གཉན་རིམས་ནད་རྟགས་ཅན་མང་ཤོས་ཐོན་ཡོད་པ་དང་། གནས་ཚུལ་ལྟར་ན་སྦིར་ཅོན་ཏ་ར་བོད་ཁྱིམ་དང་སུ་ཇྭ་བོད་ཁྱིམ། སྦིར་གཞིས་ཆགས་ཁུལ་བཅས་ལ་ཁྱོན་ནད་པ་ ༨  དང་།  རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་ནད་པ་ ༣༠ ལྷག་དང་། ལྡི་ལི་བསམ་ཡས་གླིང་ཁུལ་དུ་ནད་པ་ ༩ ཡས་མས་བཅས་ཐོན་ཡོད་པ་དང་། ས་གནས་ཁག་གི་གཞིས་མགོ་དང་ཚོགས་སྡེ་ཁག་གིས་མགོ་འཁྲིད་ཚོས་དྲ་ལམ་ཁག་ཏུ་མི་མང་ལ་ཡིད་གཟབ་དགོས་པའི་ལམ་སྟོན་སོགས་གནང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply

One thought on “བོད་མི་འདུས་སྡོད་ཁུལ་དུ་ཏོག་དབྱིབས་ནད་པ་ཧ་ཅང་ཇེ་མང་དུ་འགྲོ་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    རྟོགས་པར་དཀའ་བའི་ཏོགས་དབྱིབས་ནད་ཡམས་ལ།
    སྣང་མེད་མཐོང་ཆུང་ལྷོད་ཡངས་ནམ་ཡང་བྱ་མི་ཉན།
    འཕྲོད་བསྟེན་ལམ་སྟོན་འཕྲོད་བསྟེན་ཤེས་བྱ་སོགས།
    རྒྱུན་དུ་དོ་སྣང་གནང་རྒྱུ་ཀུན་གྱི་འགན།