ཉི་ཧོང་གི་སྲིད་བློན་གསར་པ་བདམས་འདུག

ཉི་ཧོང་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡོ་ཤི་ཧེ་དྷི་སོ་གྷ་(Yoshihide Suga)མཆོག་ཡུལ་དེའི་སྲིད་བློན་དུ་འདེམས་ཐོན་བྱུང་འདུག
 དེ་རིང་ཉི་ཧོང་དམངས་གཙོ་ཚོགས་པས་བསྐྱར་དུ་འོས་བསྡུ་བྱས་ཏེ། ཉེ་སྔོན་ཡུལ་དེའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་དུ་འོས་འདེམས་བྱུང་བའི་སྐུ་ཞབས་ཡོ་ཤི་ཧེ་དྷི་སོ་གྷ་(Yoshihide Suga)མཆོག་སྲིད་བློན་དུ་འདེམས་ཐོན་བྱུང་བ་ཡོངས་བསྒྲགས་གནང་འདུག
ཐེངས་འདིའི་སྲིད་བློན་འོས་བསྡུའི་ཁྲོད་ཉི་ཧོང་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཧྥོ་མོ་ཀེ་ཤི་དྷ་(Fumio Kishida)ལགས་དང་། ཉི་ཧོང་བདེ་སྲུང་བློན་ཆེན་ཟུར་པ་དང་དམངས་གཙོ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཤི་གྷ་རོ་ཨ་ཤི་བྷ་(Shigeru Ishiba)ལགས་བཅས་མཉམ་ཞུགས་གནང་ཡོད་པ་དང་། ད་ལོ་ལོ་ན་ ༧༡ ཡིན་པའི་སྐུ་ཞབས་ཡོ་ཤི་ཧེ་དྷི་སོ་གྷ་མཆོག་ནི་ཉི་ཧོང་དམངས་གཙོ་ཚོགས་པའི་ཆབ་སྲིད་པ་རྒན་གྲས་ཤིག་དང་། ཁོང་ནི་སྲིད་བློ་ཨ་བྷེ་མཆོག་དང་བློ་ཐག་ཉེ་བོ་ཡོད་མཁན་ཞིག་ཡིན་འདུག

སྐུ་ཞབས་ཡོ་ཤི་ཧེ་དྷི་སོ་གྷ་མཆོག་ཉི་ཧོང་གི་ཁྱིམ་ཚང་ཧ་ཅང་དཀྱུས་པ་དང་དབུལ་བོ་ཞིག་ནས་སྐྱེས་པ་དང་། མཐོ་འབྲིང་སློབ་གྲྭ་མཐར་ཕྱིན་རྗེས་ཤོག་སྒམ་བཟོ་གྲྭ་ཞིག་ཏུ་ལས་གཉེར་དང་། རྗེས་སུ་ཉི་ཧོང་གི་ཆབ་སྲིད་ཁྲོད་འཛུལ་ཞུགས་བྱས་ཏེ་རིམ་པ་བཞིན་གོ་གནས་འཕར་བ་ཞིག་ཡིན་པ་དང་། དེ་རིང་འོས་བསྡུའི་སྔོན་གྱི་གཏམ་བཤད་སྐབས་ང་རང་ཆུང་དུས་ནས་ཅི་ཡང་མེད་པ་ནས་མགོ་བརྩམས་ནས་ཡོང་མཁན་ཞིག་ཡིན། འདས་པའི་ལོ་ངོ་ ༥༠ ལྷག་གི་སྔོན་ལ་ང་རང་ཐོག་མར་གྲོང་ཁྱེར་འདིར་འབྱོར་སྐབས། ངའི་སེམས་སུ་ང་ལ་དེ་རིང་གི་ཉི་མ་འདི་ལྟ་བུ་ཞིག་ཡོད་སྣང་མ་ཤར། ང་ལྟ་བུ་མི་དཀྱུས་པ་དང་དབུལ་པོ་ཞིག་གིས་འབད་བརྩོན་བྱས་ན་ཅི་ཡང་མངོན་འགྱུུར་ཐུབ་སྐོར་སོགས་གསུངས་འདུག

སྐུ་ཞབས་ཡོ་ཤི་ཧེ་དྷི་སོ་གྷ་མཆོག་ལ་ཉི་ཧོང་མི་མང་ཁྲོད་དགའ་མོས་བྱེད་མཁན་མང་པོ་ཡོད་པ་དང་། ཉེ་སྔོན་སྲིད་བློན་ཨ་བྷེ་མཆོག་གིས་རྩ་དགོངས་ཞུས་རྗེས་མི་མང་ཁྲོད་མ་འོངས་པར་སྲིད་བློན་ལ་བསྐོ་བཞག་དགོས་པའི་མི་སྣ་ཁག་ནས་ཤུགས་རྐྱེན་ཆེ་ཤོས་གྲས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཁོང་ཉི་ཧོང་སྲིད་བློན་དུ་བདམ་པ་ཡིན་ན། ཁོང་གི་ཕྱི་སྲིད་དང་དཔལ་འབྱོར་ལམ་ལུགས་སོགས་ཨ་བྷེ་ཡི་ལམ་ལུགས་གཞིར་བཟུང་འགྲོ་རྒྱུ་ཡིན་པ་དང་། ལྷག་པར་དུ་དཔལ་འབྱོར་ཐད་ནས་ཨ་བྷེ་མཆོག་གི་ལམ་ལུགས་དེས་ཉི་ཧོང་གི་དཔལ་འབྱོར་འཛམ་གླིང་གི་འཕེལ་ཚད་ཨང་གསུམ་པར་བསྐྱལ་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཉི་ཧོང་ནང་ཏོག་དབྱིབས་གཉན་རིམས་དང་སྲིད་དབང་བརྗེ་སྒྱུར་སོགས་ཀྱིས་ཆབ་སྲིད་གནས་སྟངས་རྙོག་འཛིང་ཅན་དང་མི་མང་གིས་སྲིད་གཞུང་ལ་སྐྱོན་བརྗོད་རིགས་ཡོང་བཞིན་ཡོད་པ་དང་། ལྷག་པར་དུ་ཏོག་ནད་རྐྱེན་གྱིས་ཉི་ཧོང་ནང་སྔར་བྱུང་མྱོང་མེད་པའི་དཔལ་འབྱོར་ཉམས་ཆགས་ཕྱིན་ཏེ། དཔལ་འབྱོར་སླར་གསོའི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། སྲིད་བློན་གསར་པས་རྒྱལ་ཡོངས་ཏོག་ནད་ལས་གྲོལ་ཐབས་དང་། དཔལ་འབྱོར་སླར་གསོ་དགོས་པ་གཉིས་ནི་གདོང་གཏོད་ས་ཨང་དང་པོ་དེ་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༦

Leave a Reply