ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་དགོན་པ་ཞིག་གཏོར།

ཐང་རྒྱལ་རབས་སྐབས་བཞེངས་པའི་ནང་པའི་དགོན་ཆེན་ཧྥུ་ཡིན་ཞུ་བ་གཏོར་བཤིག་བཏང་སྟེ་དགེ་འདུན་པ་རྣམས་ཕྱིར་འཕུད་བཏང་ཡོད་འདུགཁ་སང་བྷི་ཊར་ཝིན་ཊར་(Bitter Winter) ཞེས་པའི་རྒྱ་ནག་གི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་བྱང་རྒྱུད་ཡོ་ཀྲི་རྫོང་ཝོ་ཇིན་ཧྲན་གྲོང་ཚོ་རུ་ཡོད་པའི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ཧྥུ་ཡིན་(Fuyun)དགོན་པ་མཚན་གཅིག་གི་རིང་གཏོར་བཤིག་བཏང་སྟེ། དགོན་པའི་གྲྭ་པ་ཚང་མ་ཕྱིར་འཕུད་བཏང་ཡོད་པ་མ་ཟད། དད་ལྡན་དོན་གཉེར་བ་གཏན་འགོག་ཆེད་ཁུལ་དེར་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༢ ནས་ ༢༠༡༡  བར་རྒྱ་ནག་གཞུང་གིས་ནང་དགོན་དེར་རྒྱ་སྒོར་ས་ཡ་ ༢༠ ལྷག་གི་འགྲོ་གྲོན་བཏང་སྟེ་ས་ཁྱོན་ཧྥི་ཊི་གྲུ་བཞི་མ་ ༢༠༠༠ ལྷག་རྒྱ་སྐྱེད་བཏང་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༧ ལོར་ས་གནས་སྲིད་གཞུང་གིས་རྒྱ་སྒོར་ས་ཡ་ ༣༠༠ ཡི་འགྲོ་གྲོན་བཏང་སྟེ། ཧྥུ་ཡིན་དགོན་པ་དང་དེའི་འཁྲིས་ཀྱི་ནང་པའི་ཧི་ཧི་དགོན་པ་གཉིས་ཀྱི་གམ་དུའང་ནང་པའི་དགོན་པ་ཞིག་གསར་བཞེངས་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཏེ། ས་ཁུལ་དེ་ཡུལ་སྐོར་བའི་ལྟེ་གནས་ཤིག་ཏུ་བསྒྱུར་ཐབས་བྱས་ཡོད་འདུག

ཧྥུ་ཡིན་དགོན་པ་ནི་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་བསྟན་ཆོས་ལུགས་གཉིས་ཀྱི་ཁྱད་ཆོས་ལྡན་པའི་དགོན་པ་ཞིག་ཡིན་པ་དང་། དགོན་པ་དེར་མཆོད་མཇལ་བ་ལོ་རེ་བཞིབ་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་། དགོན་པ་དེའི་བཟོ་བཀོད་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དར་ལྕོག་དང་རླུང་རྟ་སོགས་དགོན་པའི་གཡས་གཡོན་གང་སར་མཐོང་རྒྱུ་ཡོད་ཀྱང་། འདས་ལོར་སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གིས་ཧྥུ་ཡིན་དགོན་པར་བཟུང་བའི་ལྟ་སྟངས་ལ་འགྱུར་བ་ཐེབས་ཏེ། ས་གནས་ནང་བསྟན་མཐུན་ཚོགས་བརྒྱུད་ཧྥུ་ཡིན་དགོན་པའི་ཉེ་འཁོར་གྱི་རླུང་རྟ་དང་དར་ལྕོག་སོགས་ནང་པ་དང་འབྲེལ་བའི་མཚོན་རྟགས་རིགས་ཚང་མ་མེད་པར་བཟོ་དགོས་པ་མ་ཟད། དགོན་པའི་ལྷན་ཁང་དུ་ཡོད་པའི་བོད་ཀྱི་ནང་པའི་སྐུ་རྟེན་གཉིས་ཀྱང་རྩ་མེད་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་ས་རྐོ་འཕྲུལ་འཁོར་ཁག་ཅིག་བཏང་ཡོང་སྟེ། ཧྥུ་ཡིན་དགོན་པའི་རྩེ་ཏོག་དང་རྩིག་གྱང་སོགས་གཏོར་བཤིག་བཏང་བ་དང་། དེ་ནས་དགོན་པར་འགྲོ་སའི་ལམ་བར་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་དད་ལྡན་པ་གཅིག་ཀྱང་མཆོད་མཇལ་དུ་གཏོང་གི་མེད་འདུགཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ པའི་ནང་། རྒྱ་ནག་གི་ཤར་བྱང་ཁུལ་དུ་ཡོད་པའི་ལོ་ལིན་ཞིང་ཆེན་(Liaoning)སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ། ལོ་ལིན་ཀྲོང་ཧི་(Zhunghe) རྫོང་ཁོངས་སུ་ཡོད་པའི་ལོ་ངོ་ ༡༠༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་ཕྱི་ལོགས་སུ་ཡོད་པའི་སྐུ་བརྙན་རྣམས་མཐོ་དྲགས་པ་དང་། ས་སྟོང་དུ་བཞེངས་ཡོད་པ་སོགས་འཛུགས་སྐྲུན་གྱི་སྒྲིག་ཁྲིམས་དང་འགལ་ཡོད་སྐོར་བརྗོད་དེ། མཐོ་ཚད་སྨི་ ༡༠ ཡན་ཆད་ཀྱི་སྐུ་བརྙན་རྣམས་གཏོར་དགོས་པ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་ནང་དོན་ཡོད་པའི་མཚོན་རྟགས་རྣམས་ཀྱང་མེད་པ་བཟོས་ཏེ། ཆོས་དར་གྱི་ཚབ་ལ་རྒྱ་ནག་གི་རྒྱལ་དར་བཤམ་དགོས་སྐོར་བཀའ་བཏང་ཡོད་སྟབས། བྲག་ཕུག་ནང་ལོགས་ཀྱི་སྐུ་བརྙན་རྣམས་རས་དམར་པོ་ཞིག་གིས་བཏུམས་པ་དང་། བྲག་ཕུག་ཕྱི་ལོགས་ཀྱི་སྐུ་བརྙན་མང་པོ་ཞིག་གཏོར་ཡོད་པ་སོགས། སྔ་གཞུག་ཏུ་ནང་པའི་དགོན་པ་མང་པོ་གཏོར་བ་དང་། ལྷ་སྐུ་མང་པོ་གཏོར་བ་དང་གྱང་རིས་བསྐོར་བ་སོགས་བྱས་ཏེ་མཇལ་མི་ཐུབ་པ་བཟོས་ཡོད་པ་རེད།

ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་པེ་ཅིན་དུ་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་ཐོག ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་ཤུགས་སྣོན་དགོས་སྐོར་ནན་སྐུལ་བྱས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བ་དེའི་དོན་དངོས་ནི། བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལངས་ཕྱོགས་གསར་པ་ཟེར་བ་དང་མཐུན་པ་བྱས་ཏེ། མིང་ཙམ་ལས་ཕྱག་ལེན་ཉམས་བཞེས་དང་བསླབ་པ་སློབ་གཉེར་གྱི་གོ་སྐབས་ཚང་མ་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་རྒྱུ་དེ་ཡིན་པ་དེ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༡༧

Leave a Reply