རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་སྲུང་སྐྱོབ་པ་ ༥༠༠༠ ཙམ་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ལྷོ་སོག་ཏུ་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་གཏན་འབེབ་བྱས་པའི་རྐྱེན་གྱིས་སོག་པོའི་སློབ་ཕྲུག་དང་ཕ་མ། ལས་འགུལ་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཏེ་མི་གྲངས་ ༥༠༠༠ ཙམ་འཛིན་བཟུང་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་སྤྱིའི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་ (UNPO) ཡི་གནས་ཚུལ་ལྟར་ན། འདས་པའི་བདུན་ཕྲག་གསུམ་ཙམ་གྱི་རིང་རྒྱ་ནག་གཞུང་གིས་ནང་སོག་ནང་རྒྱ་ནག་གི་སྐད་གཉིས་སྲིད་བྱུས་ཟེར་བར་ངོ་རྒོལ་བྱེད་མཁན་གྱི་སློབ་མ་དང་ཕ་མ། ལས་འགུལ་བ་སོགས་མི་གྲངས་ ༥༠༠༠ ཙམ་འཛིན་བཟུང་བྱས་ཡོད་པ་དང་། ཉུང་མཐར་མི་གྲངས་ ༩ ཙམ་གྱིས་སྲིད་བྱུས་དེར་ངོ་རྒོལ་བྱས་ཏེ་རང་སྲོག་བཅད་ཡོད་སྐོར་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ས་གནས་ཀྱི་ཤེས་རིག་ལས་ཁུངས་དང་སྤྱི་བདེ་ཉེན་རྟོག་ཁང་། ཉེས་དོན་ཞིབ་བཤེར་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་ཡིག་ཅིག་གི་ནང་། སྲིད་གཞུང་གིས་སློབ་མའི་ཕ་མ་དང་ངོ་རྒོལ་བ་རྣམས་ཤེས་ཡོན་སྦྱོང་བརྡར་ཁང་དུ་སློབ་གསོ་སྤྲོད་དུ་འཇུག་རྒྱུ་ཡིན་པ་དང་། དེ་ལྟར་བྱས་ཀྱང་མུ་མཐུད་སོ་སོའི་ཕྲུ་གུ་སློབ་གྲྭར་སྐྱེལ་རྒྱུའི་མོས་མཐུན་མ་བྱས་ཚེ། རྒྱ་སྒོར་ ༥༠༠ ནས་ ༥༠༠༠ བར་དུ་ཆད་པ་གཅོད་རྒྱུ་ཡིན་པ་མ་ཟད། ཁྲིམས་ཡིག་གི་འགྲོ་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བཀོད་དེ། སྐད་གཉིས་སློབ་གསོའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་པ་རྣམས་ལ་སློབ་གསོ་སྤྲོད་ཀྱིན་ཡོད་ཚུལ་བསྒྲགས་ཡོད་པ་རེད།

དེ་བཞིན་ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) སོག་པོའི་ནང་རྒྱལ་དོན་སྐོར་སྐྱོད་དུ་བསླེབས་སྐབས། སོག་པོའི་རྒྱལ་ས་ཨོ་ལན་པ་ཏར་ (Ulaanbaatar) གྱི་སྲིད་གཞུང་གི་ཕོ་བྲང་མདུན་དུ་མི་གྲངས་བརྒྱ་ཕྲག་གཅིག་ཙམ་ཞིག་འཛོམས་ཏེ། པེ་ཅིན་གྱིས་ལྷོ་སོག་ཏུ་ས་གནས་ཀྱི་ཡུལ་སྐད་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་དང་། ས་གནས་ཉེན་རྟོག་པས་བཙན་དབང་གིས་སྐད་གཉིས་སློབ་གསོའི་སྲིད་བྱུས་ལག་བསྟར་བྱེད་དུ་འཇུག་གི་ཡོད་པར་སྐྱོན་བརྗོད་དང་སྦྲགས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་། ལྷོ་སོག་ནང་སྐད་གཉིས་སློབ་གསོའི་སྲིད་བྱུས་དེ་ལག་བསྟར་དང་ས་གནས་མི་མང་གིས་ངོ་རྒོལ་བྱས་པ་ནས་བཟུང་། སོག་པོ་སྲིད་གཞུང་གིས་སྲིད་བྱུས་དེ་དང་འབྲེལ་ནས་རྣམ་འགྱུར་གང་ཡང་བསྟན་མེད་པ་རེད།ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་སོག་པོར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཁྲེ་ཝིན་རེ་ (Chai Wenrui) ཡིས་སོག་པོ་རྒྱལ་ཡོངས་ཉིན་རེའི་ཚགས་པར་ནང་། སྐད་གཉིས་སྲིད་བྱུས་དང་འབྲེལ་ནས་དཀྲོགས་གཏམ་རྫུན་པ་སྤེལ་བ་ཡིས་ནང་སོག་རང་སྐྱོང་ལྗོངས་ནང་རྙོག་གླེང་འབྱུང་གིན་ཡོད་སྐོར་དང་། སོག་པོར་ཕྱིར་འདྲེན་གྱི་ཁེ་བཟང་ཆེ་ཤོས་ཡོད་པའི་རྡོ་སོལ་གྱི་ཁྲོམ་ར་ད་ལྟ་རྒྱ་ནག་ནང་ཆུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་སོག་པོའི་ཁེ་ཕན་བསྒྲུབ་ཆེད་མུ་མཐུད་རྡོ་སོལ་མངགས་ཉོ་བྱེད་ཀྱིན་ཡོད་སྐོར་བརྗོད་དེ་སོག་པོས་སྐད་གཉིས་སློབ་གསོ་སྲིད་བྱུས་ལ་ངོ་རྒོལ་བྱས་ཚེ་རྒྱ་ནག་གཞུང་གིས་ཚོང་འབྲེལ་གྱི་ཉེས་ཆད་ཡོང་སྲིད་སྐོར་གྱི་འཇིགས་སྐུལ་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ལྷོ་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཤི་ཐེ་ཧྥིང་(Shi Taifeng) གི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་དག་རྒྱ་ཡིག་གཙོ་བོར་འཛིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་གཏན་འབེབ་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་སློབ་མགོ་བཙུགས་པ་དང་བསྟུན་ལག་བསྟར་བྱེད་ཀྱི་ཡོད་པ་བསྒྲགས་ཡོད་པར་བརྟེན། ལྗོངས་ཡོངས་ཀྱི་སོག་ཕྲུག་དང་ཕ་མ། ལས་འགུལ་བ་སོགས་ཀྱིས་སྐད་གཉིས་སྲིད་བྱུས་དེ་ནི་རྒྱ་བསྒྱུར་གྱི་སྲིད་བྱུས་ཤིག་ཡིན་པ་དང་། དེ་ནི་ས་གནས་མི་རིགས་རང་གི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་བྱུས་ཤིག་ཡིན་པ་བརྗོད་དེ་མི་གྲངས་སྟོང་ཕྲག་མང་པོས་ཁྲོམ་སྐོར་དང་། སློབ་གྲྭར་མི་འགྲོ་བ་སོགས་ཀྱི་ལས་འགུལ་སྤེལ་ཏེ་སྲིད་བྱུས་དེ་ལག་བསྟར་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༡༧

Leave a Reply