རྒྱ་ནག་གི་དྲ་མྱུལ་བ་ ༥ འཇུས་འདུག

ཨ་རིས་བསྐྱར་དུ་རྒྱ་རིགས་དྲ་མྱུལ་བ་ ༥ དང་མ་ལེ་ཤི་ཡའི་དྲ་མྱུལ་བ་གཉིས་བཅས་ལ་ཨ་རི་གཙོས་པའི་རྒྱལ་སྤྱིའི་འཕྲུལ་རིག་བཟོ་ཚོང་ཁང་དང་། སྤྱི་ཚོགས་དྲ་ལམ་གྱིས་མཚོན་པའི་བཟོ་གྲྭ་ཁག་ ༡༠༠ བརྒལ་བར་ཁྲིམས་འགལ་དྲ་ལམ་འཇབ་རྒོལ་བྱས་པའི་ནག་ཉེས་བཙུགས་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་རིགས་དྲ་མྱུལ་བ་ལྔ་དང་མ་ལེ་ཤི་ཡའི་ (Malaysia) ཚོང་པ་ ༢ ཀྱིས། ཨ་རི་གཙོས་པའི་རྒྱལ་སྤྱིའི་འཕྲུལ་རིག་བཟོ་ཚོང་ཁང་དང་། སྤྱི་ཚོགས་དྲ་ལམ་གྱིས་མཚོན་པའི་བཟོ་གྲྭ་ཁག་ ༡༠༠ བརྒལ་བར་ཁྲིམས་འགལ་དྲ་ལམ་འཇབ་རྒོལ་བྱས་པའི་ནག་ཉེས་བཙུགས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱ་རིགས་དྲ་མྱུལ་བ་ཚོར་དྲ་ལམ་འཇབ་རྒོལ་གྱི་ཁྲིམས་འགལ་བྱ་འགུལ་རིགས་སྤེལ་རྒྱུར་བཀག་འགོག་བྱེད་ཀྱི་མེད་པ་དེར་སྐྱོན་བརྗོད་དང་སྦྲགས། ཁོ་ཚོའི་བྱ་སྤྱོད་དེ་དག་རྒྱ་ནག་དམར་པོའི་གཞུང་ལ་ཁེ་ཕན་ཡོད་པ་ཤ་སྟག་ཡིན་པས། རྒྱ་ནག་གཞུང་གིས་ཆེད་དུ་བཀོད་སྒྲིག་བྱས་པ་ཞིག་ཡིན་མིན་གྱི་དོགས་སློང་བྱས་འདུགཁྲིམས་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཇེ་ཧྥེ་རི་རོ་སན་ (Jeffrey Rosen)ལགས་ཀྱིས། ཨ་རིའི་ཁྲིམས་དོན་ལྷན་ཁང་ངོས་ནས་རྒྱ་རིགས་དྲ་མྱུལ་བ་དེ་ཚོས་སྤེལ་བའི་དྲ་ལམ་འཇབ་རྒོལ་རིགས་བཀག་འགོག་བྱ་རྒྱུའི་ཐབས་ལམ་ཡོད་ཚད་བསྟེན་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་དེ་ལས་ལྡོག་སྟེ། དྲ་མྱུལ་བ་དེ་ཚོས་ཕྱིའི་རྒྱལ་ཁབ་ཀྱི་གློག་ཀླད་ལ་འཇབ་རྒོལ་དང་། ཡང་ན་རྒྱ་ནག་ལ་ཁེ་ཕན་ཡོད་པའི་འཕྲུལ་རིག་ཤེས་བྱ་རྐུ་འཁྱེར་བྱས་པ་ནས། ཁོ་ཚོར་ཁྲིམས་འགལ་གྱི་དྲ་རྒོལ་རིགས་སྤེལ་རྒྱུར་གུ་ཡངས་ཆ་ཚང་བྱིན་ཡོད། ཅེས་བརྗོད་འདུག

ཐེངས་འདིའི་རྒྱ་རིགས་དྲ་མྱུལ་བ་དག་ནི། རང་ལོ་ ༣༥ ཡིན་པའི་ཀྲང་ཧྲའོ་རན་ (Zhang Haoran) དང་། ཐན་ཏའེ་ལིན་ (Tan Dailin)། ཅང་ལི་ཀྲི་(Jiang Lizhi)། རང་ལོ་ ༣༩ ཡིན་པའི་ཆན་ཁྲུན་ (Qian Chuan)། རང་ལོ་ ༣༧ ཡིན་པའི་ཧྥུ་ཆང་ (Fu Qiang) ཟེར་བ་བཅས་ཡིན་ཞིང་། ཁོ་ཚོ་གོ་ལ་རང་བཞིན་གྱི་རྒྱ་ནག་གི་དྲ་རྒོལ་བའི་ཚོགས་སྡེ་ APT-41 ཟེར་བའི་ཁོངས་མི་ཡིན་པ་དང་། ཕྱི་ལོ་ ༢༠༡༤ ནས་འདི་ལོའི་ཕྱི་ཟླ་ ༨ པའི་བར་འཛམ་གླིང་གི་གློད་ཀླད་སྟོང་ཕྲག་བརྒལ་བར་དྲ་རྒོལ་བྱས་ཡོད་འདུག སྤྱིར་ཁོ་ཚོ་ཨ་རིའི་ཁྲིམས་ཐོག་ནས་ནག་ཉེས་ཅན་དུ་གྱུར་ནའང་། ཨ་རི་དང་རྒྱ་ནག་བར་ཉེས་ཅན་རྩིས་སྤྲོད་ཀྱི་གན་རྒྱ་བཞག་མེད་སྟབས། ཨ་རིས་ཁོ་ཚོར་དངོས་སུ་ཁྲིམས་ཆད་ལག་བསྟར་བྱེད་ཐབས་མེད་པ་རེད། དེ་བཞིན་ད་ཐེངས་རྒྱ་རིགས་དྲ་མྱུལ་བ་གཉིས་དང་ངན་པ་ལག་སྦྲེལ་གྱིས། རིན་འབབ་ཨ་སྒོར་ཐེར་འབུམ་ ༡ ལྷག་ཡོད་པའི་རྒྱལ་སྤྱིའི་བརྙན་རྩེད (Video Game) བཟོ་གྲྭ་ཁག་ལ་འཇབ་རྒོལ་བྱེད་མཁན་གྱི་མ་ལེ་ཤི་ཡའི་ཚོང་པ་རང་ལོ་ ༤༦ ཡིན་པའི་ཝོང་ཨོང་ཧོ་ (Wong Ong Hua) དང་། རང་ལོ་ ༣༢ ཡིན་པའི་ཡང་ཁྲིང་ (Yang Ching) ཟེར་བ་གཉིས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མ་ལ་ཤི་ཡར་འཛིན་བཟུང་བྱས་ཏེ། གང་མགྱོགས་ཨ་རིར་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག

རྒྱ་རིགས་དྲ་མྱུལ་བ་གཞན་གསུམ་དེས་རྒྱལ་སྤྱིའི་བཟོ་ཚོང་ཁང་ ༡༠༠ ལས་མང་བ་དང་། ཚོགས་སྡེ། གཙུག་ལག་སློབ་གྲྭ་ཆེན་མོའི་གློག་ཀླད་མ་ལག་ལ་འཇབ་རྒོལ་བྱས་ཡོད་པ་མ་ཟད། ཨ་རི་གཙོས་པའི་ཨོ་གླིང་དང་། ཧོང་ཀོང་། རྒྱ་གར། ཉི་ཧོང་། སིང་གྷ་པུར། ལྷོ་ཀོ་རི་ཡ། ཐའེ་ཝན་སོགས་ནང་ཡོད་པའི་མི་སྒེར་གྱི་གློག་ཀླད་ནང་དྲ་མྱུལ་བྱས་ཡོད་འདུག དེ་བཞིན་རྒྱ་རིགས་དྲ་མྱུལ་བ་གསུམ་དེས་རྒྱ་གར་དང་། ཝི་ཐི་ནམ་གཞུང་གིས་གློག་ཀླད་མ་ལག་ལ་འཇབ་རྒོལ་བྱས་ཏེ་གནོད་འཚེ་བཏང་ཡོད་པ་མ་ཟད། དབྱིན་ཡུལ་གཞུང་གི་གློག་ཀླད་ལའང་རྒོལ་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་འདུག

ཐེངས་འདིར་ངོས་འཛིན་ར་འཕྲོད་བྱུང་བའི་དྲ་མྱུལ་བའི་ཁྲོད་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཡོད་པའི་སྐོར་བཀོད་པའི་ནང་། རྒྱ་རིགས་དྲ་མྱུལ་བ་ཞིག་གིས་ལས་རོགས་ཤིག་ལ། ཁོ་རང་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་པ་དང་། གནས་ཚུལ་ཚབས་ཆེན་བྱུང་ན་མ་གཏོགས་གསང་བའི་ལས་ཁུངས་ཀྱིས་ཁོ་པ་སྲུང་སྐྱོབ་བྱ་ངེས་ཡིན་སྐོར་བཤད་ཡོད་པ་དང་། ཁོ་པ་དང་ཁོའི་ལས་རོགས་རྣམས་ཀྱིས་རྒྱ་ནག་ནང་གི་བཟོ་གྲྭ་སོགས་ལ་དྲ་རྒོལ་མི་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག ཅེས་བརྗོད་འདུག

འདས་པའི་ལོ་དུ་མའི་རིང་ནས་ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་དག་གིས། རྒྱ་ནག་གིས་དྲ་ཐོག་གསང་མྱུལ་ལས་གཞི་སྤེལ་བཞིན་པར་ཉེས་འཛུགས་རིམ་པར་བྱས་ཡོད་ཀྱང་། རྒྱ་ནག་གིས་དེ་ལྟ་བུའི་བྱ་འགུལ་སྤེལ་གྱི་མེད་པ་དང་། ཨ་རིས་རྒྱ་ནག་ལ་དྲ་རྒོལ་དམག་འཁྲུག་སློང་གི་ཡོད་སྐོར་གྱི་སྙོན་འཛུགས་ཀྱང་བྱས་ཡོད་པ་རེད།ཨ་རིར་རྟེན་གཞི་བྱས་པའི་དམག་བྱུས་དང་རྒྱལ་སྤྱིའི་རིག་པའི་ལྟེ་གནས་ཁང་ (Center for Strategic and International Studies) གི་སྙན་ཐོ་ཞིག་གི་ནང་། ཉེ་ཆར་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྐབས། རྒྱ་ནག་ནས་ཡིན་པའི་དྲ་མྱུལ་བས་རྒྱ་གར་གཞུང་གི་ལས་ཁུངས་དང་དངུལ་ཁང་དག་ལ་འཇབ་རྒོལ་བྱས་ཡོད་པ་དང་། འདི་ལོའི་ལོ་མགོ་ནས་རྒྱ་ནག་གི་དྲ་མྱུལ་བས་འཛམ་གླིང་གི་བརྒྱུད་ལམ་ཚན་པ་དང་། སྨན་བཅོས་སྡེ་ཚན། ཁེ་མེད་སྤྱི་ཚོགས་ཞབས་ཞུའི་སྡེ་ཁག་བཅས་ཀྱི་ཁོངས་སུ་ཡོད་པའི་ཚོགས་སྡེ་ཁྱོན་ ༧༥ ལ་དྲ་ཐོག་མྱུལ་ཞིབ་བྱས་ཡོད་སྐོར་བཀོད་ཡོད་པ་རེད། དེ་ཡང་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་ནག་ཏུ་གནས་སྡོད་རྒྱ་རིགས་དྲ་མྱུལ་བ་ལི་ཤའོ་ཡི་ (Li Xiaoyu) ཟེར་བ་ཞིག་དང་། ཏོང་ཅཱ་ཀྲི་ (Dong Jiazhi) ཟེར་བ་གཉིས་ཀྱིས། ཨ་རིའི་བདེ་སྲུང་གོ་མཚོན་བཟོ་སྐྲུན་ཁང་དང་། ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་བཟོ་མཁན་གྱི་སྒེར་གཉེར་ཞིབ་འཇུག་ཁང་བཅས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༡༧

Leave a Reply