རྒྱ་མི་གསང་མྱུལ་བ་དང་འབྲེལ་བ་ཡོད་པའི་བོད་པའི་དགེ་འདུན་པ་བདུན་གྱི་མིང་བཏོན།

ཟླ་ཤས་གོང་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་སོ་མྱུལ་བ་ལའོ་སང་ཟེར་བ་དེས་བོད་པའི་དགེ་འདུན་པ་ ༧ ལ་ཧིན་སྒོར་འབུམ་ ༡༠ ནས་ ༣༢ བར་གྱི་ལྐོག་དངུལ་སྤྲད་དེ་༧གོང་ས་མཆོག་གི་སྐོར་དང་བོད་མི་གནད་ཡོད་ཚོར་གསང་བའི་མྱུལ་ཞིབ་བྱེད་དུ་བཅུག་ཡོད་སྐོར་ངོས་ལེན་བྱས་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན། རྒྱ་གར་གྱི་སི་ཨན་ཨན་བརྙན་འཕྲིན་ཁང་(CNN TV 18)གིས། ཉེ་སྔོན་ཕྱི་ཟླ་ ༧ ནང་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་ལའོ་སང་ཟེར་བ་དེར་རྒྱ་གར་གཞུང་གིས་འདས་པའི་ཟླ་ངོ་གཉིས་ལྷག་རིང་འདྲི་རྩད་བྱས་པ་བརྒྱུད། ལའོ་སང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་སོ་མྱུལ་གྱི་ལས་དོན་ཆེད་བོད་པའི་བླ་མ་དང་དགེ་འདུན་པ་ ༧ ལ་དངུལ་སྤྲད་ཡོད་པའི་མིང་དང་དངུལ་གྱི་གྲངས་འབོར་བཅས་གསལ་འདོན་བྱས་ཡོད་པ་མ་ཟད། དངུལ་གྱི་ཡོངས་ཁུངས་རྒྱ་ནག་གཞུང་ཡིན་པ་སོགས་ར་འཕྲོད་བྱུང་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ནང་རྒྱ་གར་གཞུང་འབྲེལ་གནད་ཡོད་མི་སྣ་ཞིག་གིས། ལའོ་སང་ངམ་ཆཱར་ལེ་ཕེན་གྱིས་མིང་འདོན་བྱས་པའི་བོད་པའི་དགེ་འདུན་པ་འཇམ་དབྱངས་སྦྱིན་པ་ཞེས་པ་ཞིག་ལ་ཧིར་སྒོར་འབུམ་ ༣༢ དང་། ཐུབ་བསྟན་ཆོས་གྲགས་ལ་ཧིན་སྒོར་འབུམ ༡༥། ཕུན་ཚོགས་དར་རྒྱས་ལ་ཧིན་སྒོར་འབུམ་ ༡༢ ། བཀྲ་ཤིས་ཆོས་འཕེལ་ལ་ཧིན་སྒོར་འབུམ་ ༡༡།༥༠། ངག་དབང་བློ་གསལ་ལ་ཧིན་སྒོར་འབུམ་ ༡༠།༥༠ ། པན་མིང་མིང་(pan Ming Ming)ལ་ཧིན་སྒོར་འབུམ་ ༡༠། བློ་བཟང་རྡོ་རྗེ་ལ་ཧིན་སྒོར་འབུམ་ ༡༨ བཅས་སྤྲོད་ལུགས་བརྗོད་འདུག

གནས་ཚུལ་དེའི་ནང་གྲྭ་པ་དེ་དག་ས་གནས་གང་དང་དགོན་པ་གང་ནས་ཡིན་སོགས་གསལ་ཁ་མེད་ན་ཡང་། ལའོ་སང་གིས་མི་དེ་དག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གནས་ཚུལ་སྐོར་དང་། བཙན་བྱོལ་བོད་མིའི་གནད་ཡོད་མི་སྣར་ཉེ་བཅར་ཆེད་དངུལ་འབོར་ཆེན་བཏང་ཡོད་པ་དང་། དངུལ་དེ་དག་གི་འབྱུང་ཁུངས་རྒྱ་ནག་གཞུང་ནས་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། དངུལ་སྤྲོད་སྐབས་མང་པོ་ཞིག་དངུལ་དམར་ལག་ནང་དུ་སྤྲད་ཡོད་པ་དང་། ཁ་ཤས་ལ་ཁོ་རང་གི་ཧ་ཝ་ལ་ཁེ་གཉེར་ཁང་བརྒྱུད་ནས་བཏང་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་། རྒྱ་གར་དབུས་དཔྱ་ཁྲལ་དོ་དམ་ཁང་(Central Board of Direct Taxes)གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་ཁུལ་གྱི་ས་གནས་ཁག་ ༢༡ ནང་དངུལ་དངོས་གཏོང་ལེན་དང་འབྲེལ་བའི་ཞིབ་བཤེར་ཞིག་བྱས་པ་བརྒྱུད། ལའོ་སང་དང་མིང་གཞན་ལ་ཆྰར་ལེ་ཕེན་(Charlie Peng)ཞེས་པ་དེས་རྒྱ་གར་མི་སེར་གྱི་ལག་འཁྱེར་རྫུན་བཟོ་བྱས་ཏེ། རྒྱ་ནག་གི་མིང་ཐོག་ནས་དྲ་ལམ་ཚོང་ལས་ཁང་ཧཱ་ཝ་ལ(hawala network)ཞེས་པ་ཆེད་འཛུགས་ཀྱིས། ཧིན་སྒོར་བྱེ་བ་ ༣༠༠ ལྷག་ཁྲིམས་འགལ་ངང་གཏོང་ལེན་བྱས་པ་ཤེས་རྟོགས་བྱུང་སྟེ་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད།

ཉེ་སྔོན་ཁོ་འཛིན་བཟུང་བྱས་པ་དང་འབྲེལ། ཁོས་འདས་པའི་ལོ་ངོ་གཉིས་རིང་བོད་ཀྱི་གྲྭ་པ་ ༡༠༠ མ་ཟིན་ཙམ་ཞིག་ལ་ཧིན་སྒོར་འབུམ་མང་པོ་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། རྒྱ་གར་གཞུང་གིས་བོད་མི་འདུས་སྡོད་ཁུལ་གྱི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དང་འབྲས་སྤུངས་བློ་གསལ་གླིང་། ལྡི་ལི་བསམ་ཡས་གླིང་གི་དགོན་པ་བཅས་ལ་ཞིབ་བཤེར་དང་། ཧི་མ་ཅཱལ་མངའ་སྡེའི་སྦིར་སོགས་སུ་བོད་མི་དང་ཕྱི་མི་རེ་གཉིས་ལ་འདྲི་རྩད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གར་གྱི་སི་ཨན་ཨན་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་བཤད་པ་ལྟར་ན། རྒྱ་གར་གཞུང་གིས་ལའོ་སང་དང་འབྲེལ་བའི་སོ་མྱུལ་གནད་དོན་ཐད་ཞིབ་མཇུག་མཐར་ཕྱིན་པ་གནང་རྒྱུ་ཡིན་པ་དང་། འདས་པའི་ནང་ཁོ་ལ་འདྲི་རྩད་དང་ཞིབ་བཤེར་རིམ་པ་བརྒྱུད་ད་ལྟའི་ཆར་གནད་དོན་མང་པོ་ཞིག་ཕྱིར་འདོན་དང་། གནད་དོན་མང་པོ་ཞིག་ལ་ཐག་ཉེ་བོ་དང་གསལ་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་ཡོད་པ་དང་། རྒྱ་གར་གཞུང་དང་ཧི་མ་ཅཱལ་མངའ་སྡེའི་མཐོ་རིམ་མི་སྣ་མང་པོས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ལ་སོ་མྱུལ་བྱས་པའི་གནད་དོན་དེ་རྩད་གཅོད་མཐར་ཕྱིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཐད་སྔར་ལས་ཚགས་ཚུད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་རྒྱ་མི་དེས་བཙན་བྱོལ་བོད་མིར་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། ཕྱིས་སུ་གཏའ་དངུལ་བཞག་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་ལའོ་སང་ཟེར་བ་དེར་འདྲི་ཞིབ་བྱེད་སྐབས། ཁོ་ཕྱི་ལོ་ ༡༩༧༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱེས་པ་དང་ལོ་ན་ ༨ ཡིན་དུས་རྒྱ་ནག་ནན་ཅིན་དུ་ཕྱིན། རང་ལོ་ ༡༨ ཐོག་ཕྱིར་ལྷ་སར་ལོག་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ནང་ཡོང་རྩིས་ཀྱིས་བོད་མི་སྐྱབས་བཅོལ་བ་ ༦ དང་ལྷན་དུ་རྐང་པ་བརྒྱབ་ནས་བལ་ཡུལ་དུ་འབྱོར་བ་དང་། བལ་ཡུལ་དུ་གྲྭ་པ་བྱས་ཏེ་ལོ་དྲུག་རིང་བསྡད་རྗེས་སྐྱ་སར་བབས་ཏེ་ཚོང་ལས་གཉེར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ནས་རྒྱ་གར་ནང་འཛུལ་ཡོད་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༨

Leave a Reply

9 thoughts on “རྒྱ་མི་གསང་མྱུལ་བ་དང་འབྲེལ་བ་ཡོད་པའི་བོད་པའི་དགེ་འདུན་པ་བདུན་གྱི་མིང་བཏོན།

  1. མཁས་མང་བྱེ་བའི་གླིང་གིས།།
    གསར་འགྱུར་མགོ་མཇུག་མ་ཀློག།
    གོ་ལོག་རང་མཚང་བསྟན་ཏེ།།
    དོན་མེད་བསྒྲགས་གཏམ་སྤེལ་གདའ།།

    ཁ་ཕོ་ཆེན་པོ་བཤད་དེ།།
    གསར་འགྱུར་ནག་བསུབས་གཏོང་དགོས།།
    གསལ་བཤད་དགོས་པར་བསྐུལ་ཡང་།།
    དོན་འབྲས་གང་ཡང་མ་སོན།།
    སྤྱི་ཚོགས་དཀྲུག་གཞིར་གྱུར་སོང་།།

    ཨ་ཁ་འདི་འདྲ་མ་གནང་།།
    གཟབ་གཟབ་ཟིག་ཟིག་གནང་རོགས།།
    སྤྱི་དོན་སྒེར་ལ་མ་ཕྱོགས།།
    སྤྱི་ལ་འགན་འཁུར་གནང་རོགས།།

    བསོད་ནམས་ཟླ་མིང་བས་རང་ཤག་ནས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་རྒྱ་གར་གསར་འགྱུར་ཁང་དེ་ཚོའི་གནས་ཚུལ་དང་བློ་གསལ་གླིང་གི་བསྒྲགས་གཏམ་དེ་ཀློག་ནས་ཤར་མར་བྲིས་སོ།།