ཨ་རིས་རྒྱ་ནག་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་པའི་ཁྲིམས་འཆར་བཏོན།

ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་ཨ་སྒོར་ཐེར་འབུམ་ ༣༥༠ ཅན་གྱི་ཨ་རི་སྣེ་ཁྲིད་ཁྲིམས་འཆར་ (America LEADS Act) ཞེས་པ་ཞིག་བཏོན་འདུགལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རྒྱའི་འབྲེལ་ལམ་ཛ་དྲག་ཏུ་འགྱུར་བཞིན་པ་དང་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པས། རྒྱ་ནག་གི་ཕྱིའི་རྒྱལ་ཁབ་ཀྱི་འཕྲུལ་རིག་ཤེས་བྱ་རྐུ་འཁྱེར་གྱིས་མཚོན་པའི་བཤུ་གཞོག་རང་བཞིན་གྱི་ཚོང་འབྲེལ་ཐབས་བྱུས་དག་ལ་ཁ་གཏད་གཅོག་ཆེད། ཨ་རིའི་དཔལ་འབྱོར་དང་། མནའ་འབྲེལ་མཐུན་ཚོགས་ཀྱི་སྟོབས་ཤུགས། ཕྱི་འབྲེལ་སྲིད་བྱུས་བཅས་ཁྱོན་ཡོངས་ནས་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་ཡོང་ཆེད་ཨ་སྒོར་ཐེར་འབུམ་ ༣༥༠ ཅན་གྱི་ཨ་རི་སྣེ་ཁྲིད་ཁྲིམས་འཆར་ (America LEADS Act) ཞེས་པ་ཞིག་བཏོན་ཡོད་པ་དང་། དེར་ཨ་རིའི་སྤྱི་མཐུན་ཚོགས་པ་ངོས་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་འདུག

ཁྲིམས་འཆར་འདོན་མཁན་དམངས་གཙོ་ཚོགས་པའི་འཐུས་མི་རྒན་གྲས་སྐུ་ཞབས་ཤེ་རོཌ་བྷ་རོན་ (Sherrod Brown) གྱིས། ཊོམ་ཕུ་སྲིད་གཞུང་གི་དོན་སྙིང་དང་འཆར་གཞི་མེད་པའི་རྒྱ་ནག་གི་སྲིད་བྱུས་དེས། རྒྱ་ནག་གི་ཕྱི་འབྲེལ་དང་། དམག་དོན། དཔལ་འབྱོར། ཆབ་སྲིད་སྟོབས་ཤུགས་ཆེ་རུ་བཏང་ཡོད། ཅེས་དང་། དེ་བཞིན་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཅག་སི་ཁུ་མར་ (Chuck Schumer) ལགས་ཀྱིས། ང་ཚོའི་དཔལ་འབྱོར་གོང་འཕེལ་དང་བདེ་འཇགས་ལ་མངོན་གསལ་དོད་པོས་ཉེན་ཁ་བཟོ་མཁན་གྱི་རྒྱ་ནག་ལ་ཁ་གཏད་གཅོག་པར། ཕར་རྒོལ་ལྡན་པའི་སྲིད་བྱུང་མཁྲེགས་པོ་འཛིན་དགོས་པ་ཡིན། ཞེས་དང་། ཨ་རི་སྣེ་ཁྲིད་ཀྱི་ཁྲིམས་འཆར་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་བཤུ་གཞོག་ཅན་གྱི་ཚོང་འབྲེལ་བྱ་སྤྱོད་དང་། དམག་འཐབ་འགྲན་སློང་གི་གཤིས་སྤྱོད་ལ་ཁ་གཏད་ཀྱིས། ཨ་རིའི་མནའ་འབྲེལ་མཐུན་ཚོགས་ཀྱི་སྟོབས་ཤུགས་བསྐྱར་གསོ་དང་། རྒྱལ་ནང་གི་ལས་ཞུགས་དང་། ཁེ་ལས་པ། བཟོ་སྐྲུན་ཚན་པ་བཅས་གོང་འཕེལ་གཏོང་ཐུབ། ཅེས་བརྗོད་ཡོད་འདུགད་ལྟའི་ཆར་གྲོས་ཚོགས་གོང་མའི་འཐུས་མི་ ༡༡ གི་རྒྱབ་སྐྱོར་ཐོབ་པའི་ཨ་རི་སྣེ་ཁྲིད་ཀྱི་ཁྲིམས་འཆར་གསར་པ་དེའི་ནང་། ཨ་རིའི་གཞུང་ངོས་ནས་འཕྲུལ་རིག་བཟོ་སྐྲུན་ཚན་པ་རྒྱ་སྐྱེད་ཆེད། ཞིབ་འཇུག་ལས་གཞི་བཅས་ལ་མ་དངུལ་བཏང་སྟེ། ཨ་རིའི་ཤུགས་ཚད་ལྔ་ཅན་གྱི་དྲ་ལམ་ལས་གཞི་དང་། བཅོས་མའི་རིག་རྩལ་ (Artificial Intelligence) ཡར་རྒྱས་གཏོང་དགོས་པ་དང་། རྒྱ་ནག་གི་དྲིལ་བསྒྲགས་ལས་འགུལ་ལ་མཐའ་གཅིག་ཏུ་རྒོལ་དགོས་པ། ཨ་རིས་རང་གི་མནའ་འབྲེལ་རྒྱལ་ཁབ་དང་། ལྷག་པར་དུ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཧྥི་ལི་པིན། ཨོ་གླིང་། ཐའེ་ལེན་ཌི། ཐའེ་ཝན་བཅས་ཀྱི་ཁེ་ཕན་གལ་ཆེར་རྩིས་ཏེ། ཨ་རིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དེ་བསྐྱར་གསོ་བྱ་དགོས་ཤིང་། ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་ཁབ་ ༧ གྱི་ཚོགས་པའི་ (G7) ནང་མགོ་འཁྲིད་ནུས་པ་སླར་གསོ་དགོས་པ། དེ་བཞིན་ཨ་རིའི་སྲིད་འཛིན་ངོས་ནས་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་ཚོང་འབྲེལ་གཉེར་ཕྱོགས་ལ་ཁ་གཏད་ཆེད། དེ་དང་འབྲེལ་ཡོད་ཀྱི་རྒྱ་རིགས་མགོ་འཁྲིད་དང་མི་སྒེར་གཞན་ལ་དཔལ་འབྱོར་ཉེས་ཆད་དྲག་པོ་གཅོད་དགོས་པ་མ་ཟད། ཤར་ཊུར་ཀི་སི་ཐན་ཁུལ་དུ་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་སྤེལ་མཁན་ཚོར་ཡང་དེར་མཚུངས་ཉེས་ཆད་གཅོད་དགོས་སྐོར་བཀོད་ཡོད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིོའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཊོམ་ཀོ་ཊོན་ (Tom Cotton) གྱིས། ཨ་རིས་རྒྱ་ནག་ལ་བྱིན་པའི་ཆེས་དགའ་མོས་ཡོད་པའི་རྒྱལ་ཁབ་ཀྱི་གནས་བབ་(most-favored-nation status) དེ་ཕྱིར་བསྡུ་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབ་བྱུང་ཚེ། ཨ་རིས་ལོ་ལྟར་རྒྱ་ནག་གི་གནས་བབ་ལ་བསྐྱར་ཞིབ་དང་འབྲེལ། རྒྱ་ནག་གིས་ཨ་རིའི་ཁེ་དབང་ལ་གནོད་པའི་བྱ་བ་སྤེལ་ཚེ། ཨ་རིས་རྒྱ་ནག་ལ་དེར་མཐུན་གྱིས་ཉེས་ཆད་ལྕི་མོ་གཅོད་ཆོག་གི་ཡོད་འདུགསྤྱིར་འདི་ལོའི་ཕྱི་ཟླ་ ༧ པའི་ནང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པས་རྒྱ་ནག་ལ་ཁ་གཏད་ཀྱི་ཁྲིམས་འཆར་ཞིག་བཏོན་ཚར་ཡོད་ཀྱང་། ད་ལན་དམངས་གཙོ་ཚོགས་པའི་བཏོན་པའི་ཨ་རི་སྣེ་ཁྲིད་ཁྲིམས་འཆར་ (America LEADS Act)དེར་སྤྱི་མཐུན་ཚོགས་པའི་འཐུས་མི་འགས་དགའ་བསུ་བྱས་ཡོད་པ་མ་ཟད། སྤྱི་མཐུན་ཚོགས་པའི་འཐུས་མི་དང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་རི་ཆི་ (Jim Risch) ལགས་ཀྱིས། ད་ལན་འདི་ཆབ་སྲིད་ཚོགས་པའི་གནད་དོན་ཞིག་མིན་པར་ཨ་རིའི་གནད་དོན་ཞིག་ཡིན་པ་དང་། ཚོགས་པ་གཉིས་ཀྱི་བསམ་ཚུལ་རྣམས་བསྡུས་ཏེ་ཁྲིམས་འཆར་གཅིག་བཟོ་དགོས་སྐོར་བརྗོད་ཡོད་པ་རེད།

དུས་རྒྱུན་སྲིད་འཛིན་ཊོམ་ཕུ་མཆོག་གི་དབུས་སྤྱི་མཐུན་ཚོགས་པས་རྒྱ་ནག་དེ་ཨ་རིའི་དཔལ་འབྱོར་དང་རྒྱལ་སྲུང་བཅས་པར་ཉེན་ཁ་ཆེན་པོ་ཡིན་པ་དང་། དདམངས་གཙོ་ཚོགས་པས་རྒྱ་ནག་ལ་བསྟུན་མཁས་ཀྱིས་སྲིད་བྱུས་མཁྲེགས་པོ་འཛིན་གྱི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དམངས་གཙོ་ཚོགས་པས་དེར་མོས་མཐུན་བྱེད་ཀྱི་མེད་ལ། ད་ཐེངས་ཀྱི་ཁྲིམས་འཆར་འདིས་འབྱུང་འགྱུར་སྲིད་འཛིན་སུ་ཁེལ་ནའང་། གཉིས་ཀས་རྒྱ་ནག་དེ་ཉེན་ཁ་ཞིག་ལ་བརྩིས་ཏེ་ཁ་གཏད་གཅོག་ངེས་ཡིན་པའི་རྣམ་འགྱུར་ཆེན་པོ་བསྟན་ཡོད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༡༨

Leave a Reply