གངས་སྐྱིད་ཁུལ་དུ་ཏོག་དབྱིབས་སྔོན་འགོག་ཆེད་དོན་ཚན་གསུམ་གཏན་འབེབ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་ཁ་རས་མ་གྱོན་ན་སྒོར་ ༥༠༠ རེའི་ཉེས་ཆད་དང་བཀའ་འཁྲོལ་མེད་པར་གཏན་འབེབ་ས་ཚིགས་ལས་བརྒལ་ན་དངུལ་གྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་ལ་གསལ་བསྒྲགས་ཤིག་བཏང་སྟེ།  གངས་སྐྱིད་དུ་ནད་ཡམས་འགོས་ཁྱབ་བཀག་འགོག་སླད། ལས་བྱེད་རྣམས་ལས་བཅར་ཞུ་ཕྱོགས་དང་ཕྱིར་སྐྱོད་བྱ་ཕྱོགས་ཀྱི་རྩ་འཛིན་དོན་ཚན་ ༣ ཅན་ཞིག་གཏན་འབེབ་གནང་ཡོད་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༨ བར་དུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་རྣམས་བརྒྱ་ཆ་ ༥༠ རེ་བྱས་ནས་ལས་བཅར་གནང་རྒྱུ་དང་། ཁ་རས་མ་གྱོན་ན་ཐེངས་རེར་ཧིན་སྒོར་ ༥༠༠ ཉེས་ཆད་དང་། བཀའ་འཁྲོལ་མེད་པར་གཏན་འབེབ་ས་ཚིགས་ལས་ཐེངས་གཅིག་བརྒལ་ན་ཧིན་སྒོར་ ༥༠༠༠ དང་། ཐེངས་གཉིས་བརྒལ་ན་ཧིན་སྒོར་ ༢༠༠༠༠། ཐེངས་གསུམ་བརྒལ་ན་ ༣༠༠༠༠ ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ཐག་གཅོད་གསལ་བསྒྲགས་གནང་འདུག
གསལ་བསྒྲགས་ནང་དུ། ཟླ་འདིའི་ཚེས་ ༢༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༨ བར་གྱི་ཟླ་གཅིག་རིང་ནོར་གླིང་དང་དྷ་ཤོད། བོད་ཁྱིམ་ཁུལ་སོགས་ཕྱིར་སྡོད་ལས་བྱེད་ཕུད་པས། དེ་མིན་གྱི་ལས་ཁུངས་སོ་སོའི་དྲུང་ཆེ་འགན་འཛིན་གྱི་བཀའ་འཁྲོལ་མེད་པར་དྷ་ཤོད་ཀྱི་སྣུམ་ལྡུག་ས་ཚིགས་(Petrol Pump) དང༌། དྷ་ཤོད་བོད་ཁྱིམ་སློབ་གྲྭ་གཉིས་བརྒལ་ནས་ཕྱིར་བསྐྱོད་མི་ཆོག་པ་དང་། གལ་སྲིད་སྒྲིག་ལམ་ལས་བརྒལ་བ་ཡིན་ན་བསྐྱོད་དང་པོར་ཧིན་སྒོར་ ༥༠༠༠ ཉེས་ཆད་དང་། ཐེངས་གཉིས་པར་ཧིན་སྒོར་ ༡༠༠༠༠། ཐེངས་གསུམ་པར་ཧིན་སྒོར་ ༣༠༠༠༠ བཅས་ཉེས་ཆད་གཏོང་རྒྱུ་མ་ཟད། ལམ་སྟོན་ལ་རྩིས་མེད་ཀྱིས་བསྐྱོད་ཐེངས་གསུམ་ལས་བརྒལ་བའི་གནས་ཚུལ་བྱུང་ཚེ་ཟླ་གསུམ་རིང་ ཕོགས་མེད་གུང་གསེང་དུ་གཏོང་རྒྱུ་དང་དོ་བདག་གི་ལས་ཤག་ཀྱང་ཕྱིར་བསྡུ་བྱ་རྒྱུ་ཡིན་པ་བཅས་བཀོད་འདུག
ཡང་གསལ་བསྒྲགས་ནང་། གནས་ཡུལ་གཞུང་གི་ལམ་སྟོན་གཞིར་བཟུང་ད་ནས་བཟུང་ཕྱི་ལོགས་སུ་བསྐྱོད་སྐབས་དང་། ལས་བྱེད་ཕན་ཚུན་བཀའ་མོལ་གྲོས་སྡུར་གནང་སྐབས་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་། ཁ་རས་མ་གྱོན་ཚེ་ཐེངས་རེར་ཧིན་སྒོར་ ༥༠༠ རེ་ཉེས་ཆད་གཏོང་རྒྱུ་དང་། གལ་ཏེ་མཛད་གཙོ་རྣམ་པ་ དང༌། ལས་བྱེད། ནང་མི་དང་བཅས་པ་གཞུང་འབྲེལ་དང་སྒེར་གྱི་ལས་དོན་དབང་གིས་གོང་གསལ་ས་ཚིགས་ལས་བརྒལ་ཏེ་མི་འགྲོ་ཀ་མེད་གྱུར་ཚེ། འབྲེལ་ཡོད་སོ་སོའི་དྲུང་ཆེ་འགན་འཛིན་ནས་ཡིག་ཐོག་བཀའ་འཁྲོལ་ཞུ་དགོས་པ་དང་དེའི་ངོ་བཤུས་འཕྲོད་བསྟེན་ལས་ཁུངས་སུ་གཏོང་དགོས་པ་བཅས་བཀོད་འདུག

བསྐྱར་བཅོས།: ༢༠༢༠/༠༩/༡༨

Leave a Reply

One thought on “གངས་སྐྱིད་ཁུལ་དུ་ཏོག་དབྱིབས་སྔོན་འགོག་ཆེད་དོན་ཚན་གསུམ་གཏན་འབེབ་གནང་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    ཏོག་དབྱིབས་ནད་ཡམས་རྒྱ་གར་ནང་ཕྱི་ཟླ་གསུམ་པའི་ནང་ཐོན་པ་དང་ད་ལྟ་ཞི་ནས་བཀག་རྒྱ་དང་ཉེས་ཆད་བཟོས་པ་དེ་བོང་བུ་སྔོན་ལ་ཕྱིན་ས་རབས་རྗེས་ལ་གཏིང་བ་མ་རེད་དམ?