ཧོང་ཀོང་མི་མང་ལ་རང་དབང་གཟེངས་རྟགས་ཐོབ།

རྒྱལ་སྤྱིའི་རང་དབང་ཁང་པས་ཧོང་ཀོང་མི་མང་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་མུ་མཐུད་འཐབ་རྩོད་བྱེད་བཞིན་པར་ཆེ་བསྟོད་དུ་འདི་ལོའི་རང་དབང་གཟེངས་རྟགས་གནང་ཡོད་འདུགཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་སྤྱིའི་རང་དབང་ཁང་པས་དྲ་ཐོག་བརྒྱུད་ལོ་འཁོར་གྱི་རང་དབང་གཟེངས་རྟགས་ཀྱི་མཛད་སྒོ་ཞིག་ཚོགས་ཏེ། འདས་པའི་ལོ་ཤས་རིང་ཧོང་ཀོང་མི་མང་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་མགོ་ཁྲིད་མེད་པར་གཞུང་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་སྟབས་མི་མང་ལས་འགུལ་བར་རང་དབང་གཟེངས་རྟགས་གནང་འདུག

རང་དབང་ཁང་པའི་དྲ་ཚིགས་སྟེང་། རྒྱ་ནག་གཞུང་གིས་རྒྱ་ནང་ཙམ་མ་ཟད་ཕྱིའི་ཡུལ་གྲུ་ནང་དབང་ཆ་གཅིག་སྡུད་་རྒྱ་ཁྱབ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། མགོ་ཁྲིད་མེད་པའི་ཧོང་ཀོང་མི་མང་གིས་དམངས་གཙོའི་ལས་འགུལ་གྱིས་འཛམ་གླིང་མི་མང་གི་སེམས་ལ་སྐུལ་མ་གནང་ཡོད།ཧོང་ཀོང་བ་ས་ཡ་གཉིས་ཙམ་མཉམ་གཅིག་ཏུ་ཁྲོམ་གཞུང་ལ་ཐོན་ཏེ། ཧོང་ཀོང་གི་ཁྲིམས་ནང་ཁེ་དབང་སྤྲད་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་བྱས་ཡོད་པ་རེད། རྒྱ་ནག་གཞུང་གི་གློ་བུར་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཀྱིས་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་ལ་ཉམས་དམས་ཆེན་པོ་བྱུང་ཡོད་ནའང་། ཧོང་ཀོང་བའི་རྗེས་རབས་པ་ཚོའི་ཆེད་དུ་ཧོང་ཀོང་མི་མང་གིས་མུ་མཐུད་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་རྣམ་པ་གསར་པ་དང་རྩལ་དུ་ཐོན་པའི་ལས་འགུལ་སྤེལ་པའི་ཆོད་སེམས་ཐོག་གནས་ཡོད་པ་རེད། ཅེས་བཀོད་འདུག་ལ། རང་དབང་གི་གཟེངས་རྟགས་དེ་ཧོང་ཀོང་གི་གྲོས་འཐུས་མི་ཟུར་པ་དང་དམངས་གཙོའི་ལས་འགུལ་བ་ནཱ་ཐན་ལོ་(Nathan Law) ལགས་བརྒྱུད་ཧོང་ཀོང་མི་མང་ལ་གནང་འདུག

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ནཱ་ཐན་ལོ་ (Nathan Law) ལགས་ཀྱིས་འཛམ་གླིང་མི་མང་གིས་རྒྱ་ནག་གཞུང་ལ་ཁ་གཏད་བཅག་སྟེ། མི་མང་གི་དམངས་གཙོའི་འཐབ་རྩོད་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཀྱི་དབང་ཤུགས་སྤྱད་དེ་དམངས་གཙོའི་རིང་ལུགས་ཉམས་རྒུད་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། དབང་ཆ་གཅིག་སྡུད་ཀྱི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

གཞན་ཡང་། རང་དབང་གི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༨ ལོའི་སུ་ཌན་གྱི་སྨན་པ་དང་སྨན་བཟོ་བ། ཁྲིམས་རྩོད་པ་དང་གསར་འགོད་པ། དགེ་རྒན་སོགས་ཀྱིས་གྲུབ་པའི་སུ་ཌན་ཆེད་ལས་ཚོགས་པས་ (The Sudanese Professionals Association) མི་མང་གི་སྣེ་ཁྲིད་དེ་རང་དབང་གི་ལས་འགུལ་སྤེལ་ནས་སུ་ཌན་གཞུང་གི་སྲིད་དབང་སྒེར་གཅོད་པ་ (Omar al-Bashir) ལས་གནས་ནས་མར་ཕབ་ཐུབ་པ་བྱུང་སྟབས་ཚོགས་པ་དེར་སྤྲད་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ཉིན་གྱི་སུ་ཌན་དམག་སྤྱི་ཆེན་མོའི་དམར་གསོད་དོན་རྐྱེན་ཁྲོད་ཀྱི་ཤུལ་ལུས་བྱིས་པ་རྣམས་གསོ་སྐྱོང་བྱེད་མཁན་གྱི་ཚོགས་པ་ (Organization of the December Revolution Martyrs’ Families) ལ་སྤྲད་ཡོད་པ་རེད། དེ་བཞིན་རང་དབང་ཁང་པའི་གོ་རྟོགས་གཟེངས་རྟགས་ཞེས་པ་ཞིག་དབྱིན་ཡུལ་གྱི་མི་སེར་ཡིན་པའི་ཨེ་རན་གྱི་གློག་བརྙན་འཁྲབ་སྟོན་མ་ (Nazanin Boniadi) ཡིས་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་རང་དབང་འཐབ་རྩོད་བྱེད་བཞིན་པར་སྤྲད་ཡོད་པ་མ་ཟད། ཁྲིམས་ལུགས་བརྒྱུད་གྲངས་ཉུང་མི་རིགས་དང་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་འཐབ་རྩོད་བྱེད་མཁན་ཨ་རིའི་ཁྲིམས་རྩོད་པའི་ཚོགས་པ་ཡི་འགན་འཛིན་ (Kristen Clarke) ལགས་འདི་ལོའི་དམིགས་བསལ་མི་སྣར་བསྒྲགས་འདུགདྲ་ཐོག་གི་མཛད་སྒོའི་སྐབས་རྒྱལ་སྤྱིའི་རང་དབང་ཁང་པའི་འགན་འཛིན་ (Michael J. Abramowitz) གྱིས། ཐེངས་འདིའི་གཟེངས་རྟགས་ཐོབ་པའི་ལས་འགུལ་བ་ཚོའི་རང་དབང་དང་དམངས་གཙོ་འཐབ་རྩོད་ཀྱི་སྙིང་སྟོབས་དང་ཆོད་སེམས་ཀྱིས་རང་དབང་ཁང་པར་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་དང་། རང་དབང་གཟེངས་རྟགས་ཀྱི་མཛད་སྒོ་འདིའི་ཐོག་ཧོང་ཀོང་དང་སུ་ཌན། ཨེ་རན། ཨ་རི་བཅས་ཀྱི་ནང་གོ་ལ་རང་བཞིན་གྱིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་འགུལ་སྣ་མང་སྤེལ་བཞིན་པར་ངོས་འཛིན་བྱེད་པའི་གོ་སྐབས་ཤིག་ཡིན་པ་རེད། ཅེས་བརྗོད་འདུག

འདས་པའི་ལོ་ངོ་ ༧༨ ཙམ་གྱི་ནང་། རྒྱལ་སྤྱིའི་རང་དབང་ཁང་པས་ཚོགས་པ་དང་མི་སྒེར་སོགས་གྲངས་ ༥༧ ཙམ་ལ་རང་དབང་གཟེངས་རྟགས་དེ་སྤྲད་ཡོད་པའི་ཁྲོད། ཕྱི་ལོ་ ༡༩༩༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པ་དང་། ཨ་རིའི་སྤྱི་དམངས་རང་དབང་འཐབ་རྩོད་པ་མར་ཌིན་ལུ་ཐར་ཁིན་ (Dr. Martin Luther King Jr) དང་ཨ་རིའི་སྲིད་འཛིན་ཟུར་པ་ཝིན་སི་ཊོན་ཅར་ཅིལ་ (Winston Churchill) སོགས་འཛམ་གླིང་གི་སྙན་གྲགས་ཆེ་བའི་དབུ་ཁྲིད་མང་པོར་གནང་ཡོད་པ་དང་། འདི་ལོའི་རང་དབང་ཁང་པའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་མི་མང་དང་སུ་ཌན་གྱི་རང་དབང་འཐབ་རྩོད་པའི་ཚོགས་པ་གཉིས་ལ་སྤྲད་ཡོད་པ་རེད།

 གསར་འགོད་པ། ཀླུ་མགོན་ཐར། 

བསྐྱར་བཅོས།: ༢༠༢༠/༠༩/༡༨

Leave a Reply