ཁ་ན་ཌ་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་གནང་འཆར་འདུག

ཁ་ན་ཌའི་ཕྱི་སྲིད་བློན་ཆེན་ཧྥ་རན་སོ་ཧྥི་ལིབ་ཤེམ་པེན་མཆོག་གིས་ད་ལྟ་རྒྱ་ནག་དང་མུ་མཐུད་ནས་གྲོས་མོལ་བྱ་རྒྱུའི་གནས་སྟངས་ཤིག་མཐོང་གི་མི་འདུག་ཅེས་གསུངས་འདུགཁ་ན་ཌ་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་གྱི་མི་སེར་འཛིན་བཟུང་བཀག་ཉར་བྱས་ཏེ་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་ལྟར། ཁ་སང་ཁ་ན་ཌའི་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཁ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁལ་ཀོབ་རིག (Michael kovrig) དང་། ཚོང་པ་མེ་ཁལ་སི་པེ་ཝོར་ (Michael Spavor) གཉིས་གློད་གྲོལ་ཡོང་ཐབས་དེ་གལ་འགངས་ཆེ་ཤོས་ཡིན་སྐོར་བརྗོད་ཡོད་འདུག

དེ་རིང་ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཁ་ན་ཌའི་ཕྱི་སྲིད་བློན་ཆེན་ཧྥ་རན་སོ་ཧྥི་ལིབ་ཤེམ་པེན་ (Francois-Philippe Champagne) མཆོག་གིས།  ཡུལ་དེའི་གོ་ལའི་ཉིན་རེའི་ཆ་འཕྲིན་ (The Globe and Mail) གི་བཅར་འདྲིའི་སྐབས། ངས་ད་ལྟ་རྒྱ་ནག་དང་མུ་མཐུད་ནས་གྲོས་མོལ་བྱ་རྒྱུའི་གནས་སྟངས་ཤིག་མཐོང་གི་མི་འདུག ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་དེ་ཕྱི་ལོ་ ༢༠༡༦ གི་རྒྱ་ནག་དེ་མིན། ཞེས་དང་། ཕྱི་ལོ་ ༢༠༡༦ ལོར་བཞག་པའི་རྒྱ་ནག་དང་འབྲེལ་བའི་ལས་གཞི་དང་སྲིད་བྱུས་ཡོད་ཚད་ལ་བསྐྱར་ཞིབ་བྱ་དགོས་པ་དང་། ད་ལྟ་ཁ་ན་ཌ་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་ངོས་ནས་ལྟ་ཡི་ཡོད་སྐོར་གསུངས་འདུགརྒྱ་ནག་ནི་ཁ་ན་ཌའི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་གཉིས་པ་དེ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༧ པའི་བར། ཁ་ན་ཌས་རྒྱ་ནག་ལ་ཚོང་ཟོག་ཕྱིར་འདྲེན་བྱེད་པའི་བརྒྱ་ཆ་ ༢༣།༦ ལ་འཕར་ཡོད་ཅིང་། ནང་འདྲེན་བྱེད་པའི་བརྒྱ་ཆ་ ༡༣།༩ ལ་འཕར་ཡོད་པ་རེད། ད་ལྟའི་སྲིད་བློན་ཊུ་རུ་ཌོ་ (Trudeau) མཆོག་གིས་དབུ་ཁྲིད་པའི་ཁ་ན་ཌ་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་བ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་སྲིད་བློན་ཊུ་རུ་ཌོ་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གཉིས་རྒྱལ་ཁབ་ཕན་ཚུན་བར་བསྐྱོད་རེས་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་གིས་མཚོན་པའི་ལས་གཞི་མི་ཉུང་བ་བསྐྱར་གསོ་བྱས་ཡོད་ཅིང་། ཨ་རི་ཚུད་པའི་རྒྱལ་ཁབ་བདུན་གྱི་ཚོགས་པའི་ (G7) ཁྲོད་ནས་རྒྱ་ནག་དང་རང་དབང་གི་ཚོང་འབྲེལ་གྲོས་ཆོད་ (Free Trade Pact) འཇོག་མགོ་འཛུགས་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན་ཡང་། འདས་པའི་ལོ་གཅིག་རིང་རྒྱ་ནག་གིས་ཁ་ན་ཌའི་མི་སེར་འཛིན་བཟུང་། ཁ་ན་ཌ་ནང་ཁ་གཏད་སྲིད་དོན་ཚོགས་པ་སོགས་ཀྱིས་ཊུ་རུ་ཌོ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སོགས་ཡལ་བར་དོར་ཏེ། རྒྱ་ནག་གི་ཚོང་ཁེ་ཁོ་ནར་ལྟ་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་སྟབས། ད་ཐེངས་རྒྱ་ནག་དང་རང་དབང་གི་ཚོང་འབྲེལ་གྲོས་ཆོད་འཇོག་རྒྱུའི་སྲིད་བྱུས་དེ་ཕྱིར་འཐེན་བྱས་ཡོད་པ་རེད།ཨ་རིའི་རེ་སྐུལ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན། ཁ་ན་ཌ་གཞུང་གིས་རྒྱ་ནག་གི་ཚན་རྩལ་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེ་ (Huawei) ཡི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་ (Meng Wanzhou)ཁ་ན་ཌའི་ཝན་ཁོ་ཝིར་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བྱས་ཏེ་ཉིན་ཤས་ལས་མ་འགོར་བར། རྒྱ་ནག་ནང་ཡོད་པའི་ཁ་ན་ཌའི་མི་སེར་མེ་ཁལ་ཀོབ་རིག་དང་། མེ་ཁལ་སི་པེ་ཝོར་གཉིས་འཛིན་བཟུང་བྱས་ཏེ། གསང་མྱུལ་བའི་ལས་ཀ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་ཡོད་པའི་ནག་ཉེས་བཙུགས་ཡོད་པ་རེད། ཁ་ན་ཌ་གཞུང་གིས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ཁ་ན་ཌའི་མི་སེར་གཉིས་དེ་གློད་གྲོལ་དགོས་པའི་འབོད་སྐུལ་དང་ཉེན་བརྡ་རིམ་པར་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་ཏེ་ལོ་གཉིས་ཟིན་གྲབས་ཡོད་ཀྱང་ད་དུང་ཀློད་གྲོལ་བཏང་མེད་པ་རེད། 

གསར་འགོད་པ། པ་སངས་ཚེ་རིང་། 

བསྐྱར་བཅོས།: ༢༠༢༠/༠༩/༡༩

Leave a Reply