རྒྱ་ནག་གི་རྫས་འགྱུར་ཁང་ཞིག་གིས་ནད་འབུ་ཁྱབ་ཏུ་བཅུག་འདུག

ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་སོགས་ཀྱི་ནང་མི་གྲངས་ ༣༢༤༥  ལྷག་ལ་འགོས་ནད་ཅིག་བྱུང་ཡོད་པ་དང་ནད་འབུ་དེ་ཕན་ཚུན་ཐུག་རེག་སོགས་ལས་འགོས་ཀྱི་ཡོད་སྐོར་བསྒྲགས་འདུག

ཁ་སང་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་འཕྲོད་བསྟེན་ལྷན་ཁང་གིས་ཁུལ་དེའི་མི་གྲངས་ ༣༢༤༥  ལྷག་ལ་ནད་རྟགས་ཐོན་ཡོད་པ་དང་།   ནད་འབུ་དེ་ནི་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་གྱི་ཀྲུང་མོ་བཟོ་ལས་ཚད་ཡོད་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བདག་གཉེར་བྱེད་བཞིན་པའི་སྐྱེས་དངོས་སྨན་རྫས་བཟོ་གྲྭ་(兰州市生物制药厂)ཞེས་པ་ཞིག་གིས། འདས་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༤ ནས་ འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ བར་དུ་དུས་ཡུན་རྫོགས་ཟིན་པའི་དུག་སེལ་རྫས་རིགས་བཀོལ་སྤྱོད་བྱས་པ་ལས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

ས་གནས་ཀྱི་གསར་འགོད་པས་སྨན་རྫས་བཟོ་གྲྭ་དེའི་འབྲེལ་ཡོད་ལ་གནད་དོན་དེའི་ཐད་བཅར་འདྲི་བྱེད་སྐབས། ད་ལྟ་ཚོར་བ་སྐྱེན་པའི་སྐབས་འདིར་ལན་ཀྲུའུ་གྲོང་ཁྱེར་སྲིད་གཞུང་གི་གོ་སྒྲིག་འོག་ནས་མ་གཏོགས་བཅར་འདྲི་དྭང་ལེན་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། གྲོང་ཁྱེར་འཕྲོད་བསྟེན་ལྷན་ཁང་ནས་སྨན་རྫས་བཟོ་གྲྭ་དེས་གནོད་ཐེབས་གུན་གསབ་སྤྲོད་རྒྱུར་བརྡ་འདེད་གཏང་སྟེ་འབྲེལ་ཡོད་ལས་དོན་ཕྱི་ཟླ་ ༡༠ ནང་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་འཕྲོད་བསྟེན་ལྷན་ཁང་གིས།  ད་བར་ཁུལ་དེའི་ནང་བརྟག་དཔྱད་བྱས་པ་བརྒྱུད་མི་གྲངས་ ༣༢༤༥  ལྷག་ལ་ན་ཚ་དེའི་ནད་རྟགས་ཐོན་ཡོད་པ་དང་།  ན་ཚ་དེ་འགོས་སའི་གཞི་གཙོ་བོ་ནད་འབུ་ཡོད་པའི་ཅ་ལག་ལ་ཐུག་རག་དང་ཟ་མ་བརྒྱུད་འགོས་པ། ན་ཚ་དེ་འགོས་པའི་སེམས་ཅན་རིགས་ཀྱི་འཆིལ་ཟག་སོགས་ནས་འགོས་ཁྱབ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

 ཨ་རིའི་སི་ཨན་ཨན་གསར་ཁང་གིས་འགོས་ནད་དེ་ཁྱབ་ཚད་ཤུགས་ཆེན་པོ་དང་ནད་གཞི་ལྕི་མོ་ཡིན་མཁན་ཡོང་གི་ཡོད་པས་སྲོག་ཉེན་ཡོད་སྐོར་བརྗོད་འདུག་ལ། བརྟག་དཔྱད་གྲུབ་དོན་ཁ་ཤས་ནང་ན་ཚ་དེས་བུད་མེད་ཀྱི་མངལ་གནས་དང་སྐྱེས་པའི་སྐྱེད་བྱེད་ནུས་པ་ཉམས་དམས་སུ་གཏོང་གི་ཡོད་སྐོར་བརྗོད་འདུག

ཡང་ན་ཚ་དེ་དང་འབྲེལ་ནས་ཨ་རིའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་(CDC)ཁང་གིས།  ན་ཚ་དེ་རིགས་ནི་ཡོངས་གྲགས་སུ་མཱར་ཋའི་ཚ་བའམ་ས་དབུས་རྒྱ་མཚོའི་ཚ་ནད་(Malta fever or Mediterranean fever)རིགས་སུ་གཏོགས་པ་དང་། ན་ཚ་དེ་ལ་མགོ་ན་བ་དང་ཤ་རྒྱུས་ན་བ། ཚ་བ་རྒྱས་པ། ངལ་དུབ་ཡོང་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་།  ན་ཚ་དེ་རིགས་རྩ་ཡལ་འགྲོ་སྲིད་ན་ཡང་དེའི་སྐྱེད་པའི་ཚིགས་ནད་དང་དབང་བོ་ཉམས་པའི་རིགས་དེ་ཡལ་མི་ཐུབ་པར་མི་ཚེ་གང་བོར་གཏན་གནས་སོགས་ཡོང་རྒྱུ་ཡོད་སྐོར་བརྗོད་འདུག   

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ནས་ཏོག་ནད་གཉན་རིམས་འཛམ་གླིང་གང་སར་ཁྱབ་འགོས་ཧ་ཅང་ཆེན་པོ་ཕྱིན་པ་དེའང་ཝུ་ནན་གྱི་གཞུང་འབྲེལ་རྫས་འགྱུར་ཁང་ཞིག་ནས་ཆེད་དུ་བཟོས་ཡོད་སྐོར་ནད་འབུ་ཆེད་མཁས་པ་ཁག་ཅིག་ནས་གསུངས་ཡོད་པ་དང་། འདས་པའི་ཟླ་ཤས་རིང་རྒྱ་ནག་ནང་རིགས་མི་འདྲ་བའི་བྱ་ནད་དང་ཕག་ནད་ཕྱི་བའི་ནད།  ཙི་ཙིའི་ནད་སོགས་ནད་རིགས་ ༥ ལྷག་དངོས་སུ་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་།  འགོས་ནད་རིགས་མང་པོ་ཞིག་ཟས་བཅུད་བསྟེན་སྟངས་མ་འགྲིག་པའི་རྐྱེན་གྱིས་ཡིན་པ་གསལ་རྟོགས་བྱུང་ཡོད་པ་དང་།  ཐེངས་འདིའི་རྫས་རིགས་འགོས་ནད་ལྟ་བུར་མཚོན་ན་རྒྱ་ནག་ནང་དེ་སྔ་ནས་རྫས་འགྱུར་བཟོ་གྲྭའི་རྫས་རིགས་ཤོར་ནས་ས་གནས་ཡུལ་མི་དང་སེམས་ཅན་ལ་ན་མནར་རིགས་བྱུང་བ་དང་། མཚོ་དང་མཚེའུ། རྩྭ་ཐང་སོགས་ལ་འབག་བཙོག་ཚབས་ཆེན་བྱུང་བའི་གནས་ཚུལ་ཐེངས་མང་ཐོན་ཡོད་པ་རེད།   

རྒྱ་ནག་ནང་རྫས་འགྱུར་བཟོ་གྲྭ་མང་པོར་དོན་རྐྱེན་བསྟུན་མར་བྱུང་རྐྱེན། ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྲིད་གཞུང་གི་དཔོན་རིགས་ཚོས་དོན་རྐྱེན་དེ་དག་ལས་བསླབ་བྱ་བླངས་ཏེ་སྤྱིའི་བདེ་འཇགས་ལ་སྔར་བས་ལྟ་ཞིབ་ནན་མོ་བྱེད་དགོས་ལུགས་བཤད་ཡོད་སྟབས། རྒྱ་ནག་གཞུང་གིས་གྲོང་ཁྱེར་མང་པོའི་རྫས་འགྱུར་མཛོད་ཁང་མང་པོར་བཟོ་བཅོས་དང་། རྫས་འགྱུར་ཁང་མང་པོ་ས་གནས་གཞན་དུ་སྤར་བ་དང་སྒོ་བརྒྱབས་པ་སོགས་བྱས་ཡོད་ནའང་། འདས་པའི་ལོ་ངོ་ ༣༠ རིང་རྒྱ་ནག་གིས་དཔལ་འབྱོར་ཐོན་སྐྱེད་གོང་སྤེལ་བཏང་བ་དང་མཉམ་དུ། བཟོ་གྲྭ་མང་པོ་འཛུགས་སྐྲུན་བྱས་རྐྱེན་སྤུས་ཚད་དང་བདེ་འཇགས་དོ་དམ་སོགས་ཀྱིས་མ་འདང་བར་བཟོ་གྲྭའི་རྫས་རིགས་ཕྱི་ལ་ཤོར་བ་དང་།  འབར་གས་དང་མེ་སྐྱོན། རྡིབ་སྐྱོན་བཅས་ཀྱི་དོན་རྐྱེན་རིམ་པར་འབྱུང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༩

Leave a Reply