བོད་མི་ཞིག་ལ་ལོ་ ༡༢ ཡི་ཁྲིམས་ཐག་བཅད།

བོད་མི་བསོད་ནམས་ཆོས་འཕེལ་ཞེས་པ་ཞིག་གིས་རྒྱ་སྒོར་ས་ཡ་ ༡༠ མ་ཟིན་གྱི་ལྐོག་རྔན་བླངས་བའི་ཉེས་འཛུགས་བྱས་ཏེ་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།བོད་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ཞིག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པ་ཟུར་པ་བསོད་ནམས་ཆོས་འཕེལ་ཞེས་པ་ཞིག་གིས།  ལས་ཡུན་སྐབས་རྒྱ་སྒོར་ས་ཡ་ ༡༠ མ་ཟིན་ཙམ་གྱི་ལྐོག་རྔན་བླངས་བའི་ཉེས་མིང་འོག་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཆད་དང་། རྒྱ་སྒོར་ས་ཡ་གཅིག་གི་ཆད་པ་བཅད་ཡོད་འདུག

བསོད་ནམས་ཆོས་འཕེལ་ལ་ནག་ཉེས་བཙུགས་པའི་ནང་།  བསོད་ནམས་ཆོས་འཕེལ་དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འཐུས་མི་དང་འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པ་ཡིན་སྐབས། ཁོས་རང་ཉིད་ཀྱི་དབང་ཆ་ལོག་སྤྱོད་བྱས་ཏེ་ནག་ཆུ་དང་མངའ་རིས། དེ་བཞིན། ལྷོ་ཁ་སོགས་སུ་བཟོ་གྲྭ་ཁག་གི་ཚོང་དོན་དང་འབྲེལ་བའི་ལས་གཞི་ ༧ ལ་རམ་འདེགས་བྱས་ཏེ་བར་འདུམ་གན་རྒྱ་འཇོག་པ་སོགས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༢ པ་ནས་འདི་ལོའི་བར་ཁྱོན་རྒྱ་སྒོར་ས་ཡ་ ༩།༦༩ ཡི་ལྐོག་རྔན་བླངས་ཡོད་ལུགས་དང་།  ཁྲིམས་ཁང་དུ་ཁོས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱས་ཡོད་སྐོར་སོགས་བརྗོད་འདུག

ད་རེས་བོད་རིགས་མགོ་འཁྲིད་བསོད་ནམས་ཆོས་འཕེལ་ལ་ཁྲིམས་ཆད་གཅོད་སྐབས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་ཚབ་སོགས་ཁྱོན་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་ ༦༠ ལྷག་ཁྲིམས་ཁང་དུ་བསྐོངས་ཏེ།  བསོད་ནམས་ཆོས་འཕེལ་གྱིས་ནག་ཉེས་ཚབས་ཆེན་བསགས་ཡོད་པ་ངོས་ལེན་ར་འཕྲོད་དང་འབྲེལ། ལྐོག་རྔན་གཡོ་ལེན་བྱེད་མཁན་གྱི་མགོ་འཁྲིད་ཁག་ལ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

བསོད་ནམས་ཆོས་འཕེལ་གྱི་ཉེས་དོན་དེ་ཐོག་མར་ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྐོག་ཟ་རུལ་སུངས་ཐེར་འདོན་དང་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་བྱས་ཤིང་། ལོ་དེའི་ཕྱི་ཟླ་ ༩ ནང་བསོད་ནམས་ཆོས་འཕེལ་དམར་ཤོག་ཚོགས་ཁོངས་ནས་ཕྱིར་འཕུད་དང་རྒན་གཡོལ་གྱི་ཐོབ་ཐང་ཕྱིར་བསྡུ་བྱས། དེ་བཞིན། ཕྱི་ཟླ་ ༡༠ ནང་བསོད་ནམས་ཆོས་འཕེལ་གྱིས་རྒྱུ་དངུལ་འབོར་ཆེན་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཞིབ་བཤེར་བྱས་ཡོད་འདུག

བསོད་ནམས་ཆོས་འཕེལ་ནི་ཕྱི་ལོ་ ༡༩༥༨ ལོར་བོད་མི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༣ ལོར་དམར་ཤོག་ཚོགས་མིར་གྱུར། ཕྱི་ལོ་ ༢༠༠༧ ལོ་ནས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་དང་འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་འཁྲིད་གཞོན་པ་བྱས། ཕྱི་ལོ་ ༢༠༡༨  ལོའི་ཟླ་ ༡༡ ནང་རྒན་གཡོལ་དུ་ཕྱིན།

གཞན་ཡང་། རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་དྲུང་ཡིག་གཞོན་པ་བཀྲ་ཤིས་རྒྱ་མཚོ་ཡིས་ལྐོག་རྔན་བླངས་བའི་ཉེས་མིང་འོག་འདྲི་ཞིབ་བྱེད་བཞིན་ཡོད་སྐོར་ཡོངས་བསྒྲགས་ཡོད་པ་དང་། འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག དམར་ཤོག་ལས་བྱེད་ ༥༥༥༠༠༠ ལྷག་ལ་འདྲི་གཅོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༡༩

Leave a Reply