གངས་སྐྱིད་ཀྱི་ལས་བྱེད་ཁྲོད་གཉན་རིམས་འགོས་པ་གཅིག་ཀྱང་མེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་དུ་ཡུལ་མི་གཉིས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ཀྱང་བོད་རིགས་ལས་བྱེད་ཚོའི་ནང་དུ་གཉན་རིམས་འགོས་པ་གཅིག་ཀྱང་མེད་པའི་བརྟག་འབྲས་བཏོན་འདུགཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་རྒྱ་གར་ཀཱ་ནཱ་རཱ་དངུལ་ཁུང་གི་ལས་བྱེད་གཉིས་ལ་ཏོག་དབྱིབས་ནད་རྟགས་ཐོན་པ་དང་བསྟུན། ཁེ་ཉིན་ཕྱི་ཚེས་ ༡༩ ཉིན་ལས་བྱེད་དེ་དང་འབྲེལ་འདྲིས་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༤༡ དང་གཞན་མི་ ༥ ལ་བརྟག་དཔྱད་བྱས་པ་བརྒྱུད། ཁ་སང་རྟགས་འབྲས་ཐོན་པ་ལྟར་ན། ལས་བྱེད་དེ་ཚོ་ཚང་མར་ཏོག་དབྱིབས་གཉན་རིམས་འགོས་མེད་ཀྱང་།  ནད་པ་དང་འབྲེལ་འདྲིས་བྱུང་བ་རྣམས་མུ་མཐུད་ཉིན་གྲངས་ ༡༤ རིང་རང་ཁྱིམ་དུ་ཟུར་སྡོད་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉས་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་སུ་དེའི་སྐོར་དྲིས་པར་ཁོང་མོས།  ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཀཱ་ནཱ་རཱ་དངུལ་ཁང་གི་ཡུལ་མི་ལས་བྱེད་གཉིས་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱི་གངས་སྐྱིད་ཁུལ་གྱི་རྟོག་ཞིབ་ཚོགས་ཆུང་ངོས་ནས་ཀཱ་ནཱ་རཱ་དངུལ་ཁང་གི་ལས་བྱེད་དང་འབྲེལ་འདྲིས་བྱུང་མཁན་ཚང་མར་ཞིབ་རྩད་བྱས་ཏེ། ཁེ་ཉིན་རེས་གཟའ་སྤེན་པ་ཉིན་མི་གྲངས་ ༤༦ ལ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པ་རེད། ཅེས་དང་། ད་ཐེངས་བརྟག་དཔྱད་ནང་འབྲེལ་འདྲིས་བྱུང་བ་རྣམས་ལ་ནད་རྟགས་ཐོན་མེད་ཀྱང་། དེ་སྔའི་ལམ་སྟོན་གཞིར་བཟུང་མུ་མཐུད་ཟུར་བཀག་དུ་གནས་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

 བཞུགས་སྒར་དྷ་སའི་ཁུལ་གྱི་ཟུར་བཀག་གནས་སྟངས་སྐོར་དྲིས་པར་ཁོང་མོས།  ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་དུ་ཟུར་བཀག་ཏུ་ཡོད་པའི་བོད་མི་ ༣༥ ཚུད་པའི་བཞུགས་སྒར་དྷ་ས་ཁུལ་དུ་ཁྱོན་བོད་མི་ ༩༣ ཟུར་བཀག་ཏུ་གནས་མུས་ཡིན་པ་དང་། སྒྲིག་འཛུགས་ཀྱི་ཟུར་བཀག་ཁང་དུ་ཡོད་པའི་བོད་མི་རྣམས་ཉིན་དྲུག་དང་བདུན་ནང་ཚུད་དུ་བརྟག་དཔྱད་བྱས་རྗེས། གལ་ཏེ་ནད་རྟགས་མེད་པའི་བརྟག་འབྲས་ཐོན་ཚེ། ལྷག་འཕྲོ་བདུན་གཅིག་ལྷག་རིང་རང་ཁྱིམ་དུ་ཟུར་བཀག་བྱེད་དགོས་ཀྱི་ཡོད་སྐོར་དང་། རྒྱ་གར་དབུས་གཞུང་ནས་རྒྱལ་ཡོངས་སྒོ་རྒྱ་རིམ་པ་བཞི་པ་ཕྱེས་པ་དང་བསྟུན། མངའ་སྡེ་དང་རྫོང་སོ་སོས་གསལ་བསྒྲགས་སྤེལ་བའི་ནང་། མངའ་སྡེ་དང་རྫོང་ཕྱི་ལོགས་ནས་ཡོང་མཁན་ཚོ་ཟུར་བཀག་ཏུ་གནས་མི་དགོས་པའི་བཀའ་ཁྱབ་བཏང་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་མགོ་འཛིན་ཁྱབ་ཁོངས་ཀྱི་བོད་མི་སུ་འདྲ་ཞིག་ཡིན་རུང་། ཕྱི་ལོགས་ནས་ས་གནས་སུ་འབྱོར་སྐབས་ངེས་པར་དུ་ཟུར་བཀག་བྱ་དགོས་པའི་ལམ་སྟོན་གནང་ཡོད་སྐོར་བརྗོད་བྱུང་།

 དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ནས་དེ་འབྲེལ་བཀའ་ཁྱབ་ཅིག་བཏང་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་ལམ་སྟོན་ཕེབས་པ་ལྟར། ཕྱི་ནས་དྷ་སར་ཕེབས་མཁན་བོད་མི་ཡོངས་རྫོགས་མ་ཕེབས་གོང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་སུ་བརྡ་ལན་ངེས་པར་དུ་གནང་དགོས་པ་དང་། ཅི་སྟེ་དེ་ལྟར་མ་གནང་བར་རང་ཐག་རང་གཅོད་ཀྱི་ཕེབས་མཁན་རིགས་ལ་འགོག་དབྱེ་ཟུར་འཇོག་གི་མཐུན་རྐྱེན་དང་གཉན་རིམས་ ༡༩ ནད་རྟགས་ཡོད་མེད་རིན་མེད་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་སོགས་བོད་མིའི་སྒྲིག་འཛུགས་ནས་གནང་རྒྱུ་མིན་པ་མ་ཟད། གཉན་རིམས་ཁྱབ་གདལ་གཏོང་བ་སོགས་ཀྱིས་སྤྱི་ཚོགས་ནང་ཉེན་ཚབས་སྤེལ་ཚེ་དོ་བདག་རང་ངོས་ལ་འགན་འཁུར་ཆ་ཚང་ཡོད། དེ་བཞིན་མེག་གྷན་ནས་དྷ་སྟེང་བོད་ཁྱིམ་འགྲོ་ལམ་དུ་ཡོད་པ་བྱུས་གཏོགས་རྐུབ་བཀྱག་སྟེང་ཞུགས་ཐལ་མེད་པ་དང་། མཚན་ཚོགས་སོགས་འདུ་འཛོམས་སར་ཕེབས་མི་དགོས་པ་གནང་གལ་དང་། འདུ་འཛོམས་དེའི་རིགས་ནས་ཏོག་དབྱིབས་གཉན་རིམས་འགོས་ཏེ་མི་མང་ཁྲོད་དུ་ཁྱབ་གདལ་གཏང་ཚེ་དོ་བདག་དེར་འགན་འཁུར་ཆ་ཚང་ཡོད་སྐོར་བསྒྲགས་འདུག

 ཁ་སང་ཕྱི་ཚེས་ ༢༠ ཉིན་གཅིག་པུར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་གསར་པ་༩༢༦༠༥ ལྷག་ཐོན་ཏེ། ད་བར་རྒྱ་གར་ནང་གཉན་རིམས་འགོས་པ་མི་གྲངས་ཁྱོན་ས་ཡ་ ༥ དང་ཕྱེད་ཀ་བྱུང་ཡོད་ཅིང་། དེའི་ཁྲོད་ནས་མི་གྲངས་ཁྲི་ ༩ མ་ཟིན་ཙམ་རྐྱེན་འདས་དང་། མི་གྲངས་ས་ཡ་ ༤  དང་ཕྱེད་ཀ་མ་ཟིན་ཙམ་དྲག་སྐྱེད་བྱུང་ཡོད་འདུག ད་ལྟའི་ཆར་རྒྱ་གར་དེ་ཨ་རིའི་རྗེས་ཀྱི་འཛམ་གླིང་གི་གཉས་རིམས་ནད་པ་མང་ཤོས་དེ་ཆགས་ཡོད་ཀྱང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོའི་ཆེད་རྒྱ་གར་དབུས་སའི་གཞུང་ནས་དེ་སྔ་བཞག་པའི་བཀའ་རྒྱ་ཕལ་ཆེ་བ་ཕྱིར་བསྡུ་བྱས་ཏེ། ཟླ་འདིའི་ཚེས་ཤར་ཙམ་ནས་རྒྱལ་ཡོངས་སྒོ་རྒྱ་རིམ་པ་བཞི་པ་ཕྱེས་ཡོད་པ་ལྟར། ཕྱི་མི་ཞིག་མངའ་སྡེ་དང་རྫོང་ཁག་ནང་འཛུལ་བར་ཆོག་མཆན་དང་། ནད་རྟགས་མེད་པའི་ལག་ཁྱེར་དགོས་ཀྱི་མེད་ལ། ས་གནས་སུ་འབྱོར་རྗེས་ཟུར་བཀག་ཀྱང་བྱེད་དགོས་ཀྱི་མེད་པ་རེད།

 གསར་འགོད་པ། པ་སངས་ཚེ་རིང་། 

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply

One thought on “གངས་སྐྱིད་ཀྱི་ལས་བྱེད་ཁྲོད་གཉན་རིམས་འགོས་པ་གཅིག་ཀྱང་མེད་འདུག