སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་བ།

ཞང་བློན།

 ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦ པ་དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་འཕར་འགྱངས་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད། དེ་ནི་ཁྲིམས་སྒྲིག་གི་དགོངས་དོན་དཔྱིས་ཕྱིན་མ་རྟོགས་པར་རང་འགར་ཐག་གཅོད་གནང་བའི་བྱས་ཉེས་ཤིག་ཡིན། གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་གནང་དགོས་པའི་རྒྱུ་མཚན་ཐད་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་དྷ་སའི་ས་གནས་ནི་༸རྒྱལ་བའི་བཞུགས་སྒར་ཡིན་སྟབས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ནའང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་གྱི་ཕྱོགས་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ཐེངས་འདིའི་ཐག་གཅོད་མ་བྱས་ཐབས་མེད་བྱུང་སྐོར་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་འཚོགས་རྒྱུ་མིན་ནའང་། དེ་འབྲེལ་གྱི་ལས་དོན་ལ་འཐུས་ཤོར་མེད་པར་འབད་སྒྲུབ་གནང་རྒྱུ་ཡིན་སྐོར་གསུངས་ཡོད། གསལ་བསྒྲགས་ཀྱི་ངོ་གདོང་ལ་བལྟས་ན་བདེན་བདེན་འདྲ་བ་ཞིག་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ལས་བརྒལ་བའི་ཐག་གཅོད་ཅིག་ཡིན། གཤམ་དུ་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སྟངས་ཇི་ཡིན་ཞིབ་ཕྲ་བརྗོད་རྒྱུ་ཡིན།

 ༡། བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་འཛོལ།

གོང་གསལ་གསལ་བསྒྲགས་ནང་བཀོད་པའི་བཅའ་ཁྲིམས་དོན་ཚན་དྲུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ། ཞེས་པ་དེ་ཡིན། དོན་ཚན་འདི་ནི་ཐེངས་འདིའི་གྲོས་ཚོགས་འཕར་འགྱངས་བྱས་པ་དང་འབྲེལ་བ་གཏན་ནས་མེད་པ་མ་ཟད། ལྷག་པར་མངའ་སྡེ་གཞུང་ནས་བཙལ་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལས་དོན་ནི་བོད་མིའི་སྒྲིག་འཛུགས་ནང་ཁུལ་གྱི་ཐག་གཅོད་ཡིན་པས་དེ་ལ་དགག་བྱ་གང་ཡང་མེད་སྐོར་བཀའ་ཕེབས་ཡོད་པས། དོན་ཚན་འདིས་གྲོས་ཚོགས་འཕར་འགྱངས་བྱེད་པའི་སྒྲུབ་བྱེད་གང་ཡང་མི་ནུས། དེ་བཞིན་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་པ་དེ་ཡིན། དེ་ནི་གྲོས་ཚོགས་ཀྱི་ལས་རིམ་འགོ་བཙུགས་ནས་ཚོགས་བཅར་སྤྱི་འཐུས་ཀྱི་གྲངས་ཚད་མ་ལོངས་ཚེ་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱས་ཆོག་པའི་དོན་ཚན་ཞིག་ཡིན་པ་ལས། གྲོས་ཚོགས་བསྐོང་ཚོགས་བྱས་ཆོག་དང་མི་ཆོག་གི་རང་འགར་ཐག་གཅོད་བྱ་རྒྱུའི་སྐུ་དབང་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་སུ་ལའང་གནང་བ་ཞིག་མིན་སྟབས། དོན་ཚན་འདིས་ཀྱང་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་བྱས་པའི་སྒྲུབ་བྱེད་དུ་དེ་བས་མི་འོས་པ་ཡིན། གོང་གསལ་དོན་ཚན་གཉིས་ཀའི་འབྲུ་དོན་ལས་བརྒལ་ཏེ་གྲོས་ཚོགས་འཕར་འགྱངས་བྱས་པས། དེ་ནི་དབང་ཚད་མེད་པའི་ཐག་གཅོད་དང་། བཅའ་ཁྲིམས་ལས་བརྒལ་བའི་དོན་ཉེས་ཆེན་པོ་ཞིག་ཡིན།

 ༢། བཅའ་ཁྲིམས་ནང་མི་གསལ་བའི་གནད་དོན་ཐག་གཅོད་བྱེད་སྟངས་ལ་ནོར་འཁྲུལ།

མི་མང་པོའི་སེམས་སུ་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་ཡོད་སྟབས། གྲོས་ཚོགས་འཐུས་མི་རྣམས་ཚོགས་བཅར་ཐུབ་ཐབས་མེད་པ་དངོས་ཡོད་གནས་སྟངས་ཡིན་པས་རྒྱུ་མཚན་དེའི་དབང་གིས་གྲོས་ཚོགས་འཕར་འགྱངས་བྱས་པ་ནི་འོས་ཤིང་འཚམ་པ་ཞིག་རེད་སྙམ་ངེས། འོན་ཀྱང་གྲོས་ཚོགས་ཀྱི་ལས་རིམ་ནི་ཁྲིམས་སྒྲིག་གི་དགོངས་དོན་བཞིན་འགྲོ་དགོས་པ་ལས་གང་ཟག་གི་དབང་སྒྱུར་འོག་ཐག་གཅོད་བྱེད་དབང་ག་ལ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་གྲོས་ཚོགས་ཀྱི་ཚོགས་དུས་ཧྲིལ་པོ་འཕར་འགྱངས་བྱས་ཆོག་པའི་དོན་ཚན་གཅིག་ཀྱང་མེད་ལ། དེ་བས་སྐབས་འཕྲལ་རྐྱེན་ངན་དང་གནད་དོན་བྱུང་ན་གྲོས་ཚོགས་ཚོགས་མི་དགོས་པ་སོགས་ཀྱི་གནད་དོན་ནི་དེ་བས་བཀོད་མེད། གལ་ཏེ་བཅའ་ཁྲིམས་ནང་དེ་འབྲེལ་གྱི་ཐག་གཅོད་བྱེད་སྟངས་ཤིག་གསལ་མེད་ན། བཅའ་ཁྲིམས་ནང་ཁྲིམས་སྒྲིག་གཞན་གང་ཡོད་པ་དེ་རང་ལ་ཐག་གཅོད་བྱེད་དགོས་ཀྱི་ཡོད། དཔེར་ན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དང་དགུ་པ་གཉིས་ལ་ཚོགས་བཅར་ཐུབ་མེད་པས་རང་བཞིན་གྱིས་སྤྱི་འཐུས་ལས་བུད་ཡོད། ཁོང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ལ་ཕེབས་ཡོད་པ་དང་། ཚོགས་དུས་དགུ་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཚོགས་བཅར་ཞུ་ཐུབ་མེད། ཚོགས་བཅར་མི་ཐུབ་པའི་རྒྱུ་མཚན་ལ་བལྟས་ན་གཅིག་ནི་བོད་སྤྱི་པའི་དོན་དག་ཡིན་པ་དང་གཉིས་ནི་ནད་ཡམས་ཀྱི་དཀའ་ངལ་ཡིན་པས། རང་བཞིན་གྱིས་སྤྱི་འཐུས་ལས་བུད་ཐབས་མེད་པ་ལྟར་དུ་སྣང་མོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པར། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་གསལ་བ་བཞིན་དེ་ལ་འགྲེལ་བརྗོད་གཞན་གང་ཡང་མེད་སྟབས། དེ་འབྲེལ་གྱི་ཐག་གཅོད་གནང་སྟེ། ཐུབ་བསྟན་དབང་ཆེན་ལགས་རང་བཞིན་གྱིས་བུད་པར་ངོས་འཛིན་དང་། ཚབ་གསར་སྤྱི་འཐུས་བསྐོ་གཞག་གནང་ཡོད། གལ་ཏེ་གྲོས་ཚོགས་ཚོགས་དུས་དགུ་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཚོགས་བཅར་མི་ཐུབ་པ་དེ་ཁྲིམས་མཐུན་རྒྱུ་མཚན་ལ་ངོས་བཞེས་གནང་གི་མེད་ན། ཚོགས་ཐེངས་བཅུ་པའི་སྐབས་སུའང་ཁྲིམས་མཐུན་རྒྱུ་མཚན་ལ་ངོས་བཞེས་གནང་ཐབས་མེད། གལ་ཏེ་ཁྲིམས་མཐུན་རྒྱུ་མཚན་ལ་ངོ་བཞེས་གནང་ན་ཐུབ་བསྟན་དབང་ཆེན་ལགས་འཕོ་འགྱུར་བཏང་བ་དང་དེའི་ཚབ་ཏུ་སྤྱི་འཐུས་གསར་པ་བསྐོས་པ་ནི་ཁྲིམས་འགལ་ཡིན།

 ༣། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིར་འགལ་འཛོལ།

 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པར། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ་ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་གསལ་ཡོད། དེས་ན་གྲོས་ཚོགས་ཚོགས་དུས་དགུ་པ་དང་ཚོགས་དུས་བཅུ་པ་གཉིས་བསྟུན་མར་ཚོགས་བཅར་མ་ཐུབ་པ། བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་། ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་བསྟན་འཛིན། ཨོ་གླིང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས། མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར། མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ། མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་བཅས་རང་བཞིན་གྱིས་བུད་པར་ངོས་འཛིན་བྱ་དགོས་ནའང་དེ་འབྲེལ་གྱི་ཐག་གཅོད་གང་ཡང་གནང་མེད། གོང་གསལ་སྤྱི་འཐུས་རྣམས་གྲོས་ཚོགས་སྐབས་དགུ་པའི་ལས་ཉིན་ཆ་ཚང་ལ་དགོངས་པ་ཞུས་པ་དང་། གྲོས་ཚོགས་ཚོགས་ཐེངས་བཅུ་པར་ཡང་ཚོགས་བཅར་ཐུབ་མིན་ཚོགས་གཙོ་སྦྲེལ་པོར་སྙན་གསན་ཞུས་ཡོད་སྟབས། དོན་དངོས་ཐོག་ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མི་ཐུབ་པར་ངོས་འཛིན་བྱ་དགོས་པས། ཁྲིམས་སྒྲིག་གི་དགོངས་དོན་བཞིན་ཐག་གཅོད་གནང་དགོས་པ་ཡིན། གོང་ཞུས་ལྟར་དེ་ལྟའི་ཐག་གཅོད་མ་གནང་ཚེ་སྤྱི་འཐུས་དབང་ཆེན་ལགས་རང་བཞིན་གྱིས་འཕོས་པར་ཐག་གཅོད་གནང་བ་དེ་ཁྲིམས་འགལ་ཆགས་ཡོད་པས། ཁྲིམས་སྒྲིག་འགལ་འཛོལ་གྱི་ནག་ཉེས་ཆ་ཚང་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་ཚོས་འཁུར་དགོས།

༤། གྲོས་ཚོགས་མ་ཚོགས་པར་གྲོས་ཚོགས་ཀྱི་ལས་དོན་སྤེལ་བའི་མགོ་རྙོག

 ལོ་རེའི་ཟླ་གསུམ་པའི་ནང་ལོ་འཁོར་སྔོན་རྩིས་ཀྱི་གྲོས་ཚོགས་དང་ཟླ་དགུ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་རྟོག་ཞིབ་བྱེད་པའི་གྲོས་ཚོགས་བསྐོང་ཚོགས་བྱེད་ཀྱི་ཡོད། སྐབས་བཅུ་དྲུག་པའི་ཚོགས་གཙོ་སྦྲེལ་པོ་དང་རྒྱུན་ལས་ཚོས་ཚོགས་འདུ་བཅུ་པ་འཕར་འགྱངས་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་ནའང་དེའི་ལས་དོན་སྒྲུབ་བཞིན་པ་ནི་མགོ་རྙོག་ལུང་པ་གང་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མཐུན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་མ་མཐུན་པར། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་ལས་བསྡོམས་ལ་རྟོག་ཞིབ་དང་དྲི་རྩད་བྱེད་བཞིན་པ་དེ་སུའི་ཐག་གཅོད་ཡིན་ནམ། ལས་བསྡོམས་དང་འབྲེལ་བར་སྤྱི་འཐུས་སྒེར་གྱི་དྲི་བ་བཏོན་པ་དེ་དག་ཚོགས་གཙོ་བརྒྱུད་ནས་གྲོས་ཚོགས་ལ་དྲིས་པ་ཞིག་མིན་སྟབས། དྲི་བ་དེ་དག་གྲོས་ཚོགས་ཀྱི་དེབ་ཐེར་ནང་འགོད་ནུས་པའི་དབང་ཚད་སུ་ལ་ཡོད། ཡང་འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་མ་བརྒྱུད་པའི་དྲི་བ་དེ་དག་ལ་ལན་འདེབས་གནང་ཡོད་དམ་མེད། གལ་ཏེ་ལན་འདེབས་གནང་ཡོད་ན་དུས་རྒྱུན་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་སྒེར་གྱི་དྲི་བ་དྲིས་པ་དེ་དག་དང་གཅིག་མཚུངས་མིན་པའི་ཁྱད་པར་ཇི་ལྟར་འབྱེད་དམ།

 ༥། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་མཐུན་ཐག་གཅོད་གནང་དགོས།

 བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནང་བའི་འགན་དབང་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་རྟེན་པའི་རྩོད་གླེང་ལ་་་ཞིབ་འཇུག་དང་། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད། ཞེས་གསལ་བ་བཞིན། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འབྲུ་དོན་ལ་ལོག་འགྲེལ་དང་། ཁྲིམས་སྒྲིག་དང་འགལ་བའི་ལས་དོན་རིམ་པར་སྤེལ་བར་ངེས་པར་དུ་ཁྲིམས་དང་མཐུན་པའི་འདྲི་རྩད་དང་ཁྲིམས་མཐུན་གྱི་ཐག་གཅོད་ནན་པོ་གནང་དགོས་སོ། །

བསྐྱར་བཅོས།: ༢༠༢༠/༠༩/༢༡

Leave a Reply

13 thoughts on “སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་བ།