རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་དོཊ་གཞིའི་འོག་གསར་འགོད་པ་ཞིག་འཛིན་བཟུང་བྱས།

རྒྱ་གར་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་དོཊ་གཞིའི་འོག་རྒྱ་གར་གྱི་གསར་འགོད་པ་ཞིག་དང་རྒྱ་མོ་ཞིག་བཅས་མི་གསུམ་འཛིན་བཟུང་བྱས་ཡོད་འདུགཟླ་འདིའི་ཕྱི་ཚེས་  ༡༩ ཉིན།  རྒྱ་གར་རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་དང་དམག་དཔུང་གི་གནས་ཚུལ་དང་འབྲེལ་བའི་གསང་བའི་ཡིག་ཆ་རིགས་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག  རང་དབང་གསར་འགོད་པའི་ལས་ཀ་བྱེད་བཞིན་པའི་མིང་ལ་རཱ་རྗི་ཝི་ཤར་མ་(Rajeev Sharma)ཞེས་པའི་རྒྱ་གར་གྱི་སྐྱེས་པ་ཞིག་དང་།  ཁོའི་གསང་བའི་ཡིག་ཆ་དག་ལ་ལྐོག་དངུལ་སྤྲོད་མཁན་རྒྱ་མོ་ཆིན་ཧྲི་(Qing shi)ཟེར་བ་དང་། བལ་ཡུལ་གྱི་ཡུལ་མི་རཱ་ཇི་བྷ་རཱ་(Raj Bohra)ཟེར་བ་ཞིག་བཅས་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་འདུག་ལ། རཱ་རྗི་ཝི་ཤར་མ་ཟེར་བ་དེས་༧གོང་ས་མཆོག་གི་སྐོར་སོགས་ལ་དཀྲོག་གཏམ་རིགས་སྤེལ་ཏེ་ལྐོག་རྔན་བླངས་ཡོད་སྐོར་ཡང་བརྗོད་འདུག 

དེ་འབྲེལ་གནས་ཚུལ་སྐོར་ལ་ལྡི་ལི་ཉེན་རྟོག་དཔོན་གཞོན་པ་སན་ཇི་ཝི་ཀུ་མར་ཡཱ་ཌ་ཝི་(Sanjeev Kumar Yadav)ལགས་ཀྱིས། འདྲི་རྩད་དང་ཞིབ་བཤེར་བྱས་པ་བརྒྱུད་རཱ་ཇི་ཤར་མ་ཡིས་རྒྱ་གར་གཞུང་གི་ཚོར་བ་སྐྱེན་པ་དང་གསང་བ་དང་འབྲེལ་བའི་ཡིག་ཆ་རིགས་རྒྱ་ནག་གི་གསང་བའི་ལས་ཁུངས་སོགས་ལ་སྤྲད་ཡོད་པ་མ་ཟད། ཁོའི་གློག་ཀླད་དང་སྡོད་གནས་ནས་རྒྱ་ནག་ལ་སྤྲད་པའི་རྒྱ་གར་བདེ་སྲུང་ལས་ཁུངས་དང་བདེ་སྲུང་བློན་ཆེན་གྱི་ཡིག་ཆ་རིགས་ལག་སོན་བྱུང་ཡོད་སྟབས། རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་དུ་བཅུག་པའི་ཉེས་ཁྲིམས་འོག་འཛིན་བཟུང་བྱས་ཡོད་སྐོར་དང་། ཁོ་ལ་འདྲི་ཞིབ་གཟབ་ནན་བྱས་ཏེ་ནག་ཉེས་ར་འཕྲོད་བྱུང་ན་ལོ་ ༡༤ ཡི་བཙོན་འཇུག་ཉེས་ཆད་ཕོག་སྲིད་སྐོར་བརྗོད་འདུག 

དེ་བཞིན་རྒྱ་གར་(ANI) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།  རཱ་རྗི་ཝི་ཤར་མ་ཡིས་རྒྱ་ནག་ལ་གསང་བ་མཁོ་སྤྲོད་བྱས་པར་རྒྱ་ནག་གཞུང་གིས་རྒྱ་མོ་ཆིན་ཧྲི་བརྒྱུད་ཧིན་སྒོར་ས་ཡ་ ༣  ལྷག་སྤྲད་ཡོད་པ་དང་།  རྒྱ་མོ་དེ་དང་བལ་ཡུལ་གྱི་མི་དེ་གཉིས་ཀྱིས་རྒྱ་གར་ནང་དངུལ་སྒོར་བརྗེ་ལེན་གྱི་ཁེ་གཉེར་བཟོ་གྲྭ་ཞིག་བཙུགས་ཏེ། ཁོ་ལ་གསང་བའི་གནས་ཚུལ་མཁོ་གཏོང་དང་རྒྱ་གར་བདེ་སྲུང་གནས་ཚུལ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་རྩོམ་ཡིག་རིགས་བྲིས་པར་དངུལ་སྤྲོད་བཞིན་ཡོད་སྟབས་འཛིན་བཟུང་བྱས་ཡོད་སྐོར་དང་།  ཤར་མ་ཟེར་བ་དེས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་ཆེད་ཕྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མི་སྣར་ཐུག་འཕྲད་བྱས་ཡོད་སྐོར་སོགས་བཀོད་འདུག  

རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཤར་མ་ཡིས་འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་རྒྱ་ནག་གོ་ལའི་དུས་བབ་ཟེར་བའི་སྟེང་རྒྱ་ནག་ལ་ཕན་པའི་རྩོམ་ཡིག་རིགས་གང་མང་བྲིས་ཡོད་པ་མ་ཟད།  རྒྱ་གར་གྱི་གསར་ལམ་ཁག་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་སྐོར་ལ་གཞི་མེད་འཆལ་གཏམ་སྤེལ་བ་དང་། ཕྱི་ལོ་ ༢༠༡༨ ལོར་ཁོས་རྒྱ་གར་(Quint)གསར་ཤོག་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྙུན་གཞི་བཞེས་ཡོད་པའི་དཀྲོག་གཏམ་སོགས་སྤེལ་ཡོད་འདུག 

གསར་འགོད་པ་ཤར་མ་ཟེར་བ་དེ་ནི་ལོ་ན་ ༦༡ ཡིན་ཞིང་། ཁོས་འདས་པའི་ལོ་མང་རིང་རྒྱ་གར་གྱི་གསར་ཁང་འདྲ་མིན་ནང་ལས་ཀ་བྱས་ཡོད་པ་དང་། ལོ་ཤས་ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Vivekananda International Foundation)ཞེས་པའི་རྒྱ་གར་གྱི་རྒྱལ་སྲུང་སྲིད་དོན་དབྱེ་ཞིབ་ཁང་ཞིག་ཏུ་ལས་ཀ་བྱས་ཡོད་པ་དང་། ཁོ་འཛིན་བཟུང་བྱས་རྗེས་ཁོས་བྲིས་པའི་རྩོམ་དང་གནས་ཚུལ་རིགས་ཚང་མ་ལྟེ་གནས་ཁང་དེ་ནས་ནག་གསུབ་བཏང་ཡོད་པ་དང་།  ཤར་མ་ཡིས་རྒྱ་ནག་གཞུང་ལ་བཏང་བའི་གནས་ཚུལ་ནང་རྒྱ་དཀར་ནག་གི་རྩོད་རྙོག་བྱུང་སའི་བོད་ཧིན་ས་མཚམས་སུ་རྒྱ་གར་གྱི་དམག་དཔུང་ཡར་རྒྱས་དང་འབྲེལ་བའི་གནས་ཚུལ་དང་།  རྒྱ་གར་རྒྱལ་ཁབ་བདེ་སྲུང་དང་འབྲེལ་བའི་ཡིག་ཆ་དང་རྒྱ་གར་དམག་གིས་འབར་མའི་དམག་དང་མཉམ་འབྲེལ་བྱེད་བཞིན་པའི་གནས་ཚུལ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་སོགས་ཡོད་འདུག   

ཉེ་ལམ་ནས་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་བོད་ཧིན་ས་མཚམས་ནས་གདོང་ཐུག་ཐེངས་འགར་བྱུང་བ་སོགས་ཀྱིས་ཡུལ་གཉིས་ཀྱི་འབྲེལ་བ་རྣོ་ངར་ཅན་དུ་གྱུར་ཡོད་པ་དང་།  རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཀྱི་གནས་ཚུལ་དང་བདེ་སྲུང་ལས་དོན་སྐོར་གྱི་གནས་ཚུལ་བསྡུ་ལེན་ཆེད་གསང་མྱུལ་བ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་པ་སོགས་ཀྱིས། རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་སྔར་ལྷག་དོགས་ཟོན་ཞིབ་འཇུག་གནང་བཞིན་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༡

Leave a Reply

One thought on “རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པའི་དོཊ་གཞིའི་འོག་གསར་འགོད་པ་ཞིག་འཛིན་བཟུང་བྱས།

  1. བསོད་ནམས་རྒྱལ་མཚན།

    འདི་ནི་རྒྱ་གར་བོད་པ་ལྷན་ཐབས་ཞིག་ཡིན། བོད་པ་ཚང་མགོ་སྐོར་མ་ཐེབས་ལ། Hello 👋 INDIA. धार्मिक और राजनीति अलग है। Plz नाटक बन्द। गुरु जी को धार्मिक अधिकार दे दें। उन को परेशान मत दें। དུས་བབ་ཚང་ལ་མཐོང་དགོས་ན་ཟབ་ཟབ་གནང་།