པདྨ་ཚེ་བརྟན་ལགས་ཀྱི་རྒྱ་ཡིག་བརྩམས་སྒྲུང་ལ་བྱ་དགའ་ཐོབ།

བོད་ཀྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་རྒྱ་ཡིག་བརྩམས་སྒྲུང་ཨོ་རྒྱན་གྱི་སོ་ཞེས་པར་ལོ་འཁོར་གྱི་བྱ་དགའ་ཐོབ་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྥོ་ཧྲན་ནང་ ༢༠༢༠ ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཆེན་མོ་སྤྲོད་པའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་རྒྱ་ཡིག་གི་སྒྲུང་གཏམ་ཧྲགས་བསྡུས་ཨོ་རྒྱན་གྱི་སོ་ཞེས་པ་དེར་ལོ་འཁོར་གྱི་བརྩམས་སྒྲུང་པ་ཞེས་པའི་བྱ་དགའ་ཐོབ་ཡོད་འདུག 

༢༠༢༠ ལོའི་ལྷོ་ཕྱོགས་རྩོམ་རིག་བྱ་དགའ་ཆེན་མོའི་མཛད་སྒོའི་ཐོག་ལོ་འཁོར་གྱི་བརྩམས་སྒྲུང་པ་དང་ལོ་འཁོར་གྱི་སྙན་ངག་པ། ལོ་འཁོར་གྱི་ལྷུག་རྩོམ་པ་དང་ལོ་འཁོར་གྱི་རྩོམ་རིག་དཔྱད་བརྗོད་པ། ལོ་འཁོར་གྱི་འཇོན་ནུས་ལྡན་པའི་རྩོམ་མཁན་གསར་པ་བཅས་ཀྱི་བྱ་དགའ་སྤྲད་ཡོད་འདུག་ལ། པདྨ་ཚེ་བརྟན་ལགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་བརྩམས་སྒྲུང་གསར་པ་ཨོ་རྒྱན་གྱི་སོ་ཞེས་པ་ནི་ཁོང་གི་ཉེ་བའི་བརྩམས་སྒྲུང་ ༡༣ ཧྲགས་བསྡུས་བྱས་པ་ཞིག་ཡིན་ཞིང་། བརྩམས་སྒྲུང་དེ་དག་གི་ནང་ར་བཟི་བ་དང་བླ་མ། ཤན་པ་དང་དགེ་རྒན། ལུག་རྫི་སོགས་ཀྱི་མི་སྣ་རྣམས་འབྲི་བཞེངས་སྣ་ཚོགས་པའི་སྒོ་ནས་བྱས་ཏེ། པདྨ་ཚེ་བརྟན་ལགས་ཀྱི་ཉིན་རེའི་འཚོ་བའི་ནང་མཐོང་ཆོས་སུ་གྱུར་པའི་མི་སྣ་དག་གི་ཁྱད་ཆོས་འབུར་དུ་ཐོན་པའམ། དངོས་ཡོད་ཀྱི་བོད་ཡུལ་ཞིག་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད་འདུག

 བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་པདྨ་ཚེ་བརྟན་ལགས་ཀྱིས། ཏཱ་ཧྥང་ (大方) དཔེ་སྐྲུན་ཁང་གིས་ངའི་བརྩམས་སྒྲུང་ཨོ་རྒྱན་གྱི་སོ་ཞེས་པ་དེ་པར་བསྐྲུན་བྱས་ཡོད་པར་བརྟེན། མི་མང་པོ་ཞིག་གིས་ངས་རྩམ་སྒྲུང་དེ་ཇི་ལྟར་བྲིས་ཡོད་མེད་ཤེས་ཡོད་པ་རེད། ངའི་བསམ་པར་མ་འོངས་པར་རང་ཉིད་ཀྱིས་བརྩམས་སྒྲུང་འབྲི་མཚམས་མི་འཇོག་པ་ལྟ་བུ་ཞིག་རེད། དེའི་རྒྱུ་མཚན་ནི་བརྩམས་སྒྲུང་འབྲི་བ་ཡིས་འགྲེལ་བརྗོད་དཀའ་བའི་སེམས་ཚོར་དང་ཉམས་མྱོང་མང་དག་ཞིག་རང་ཉིད་ལ་སྐྲུན་གྱི་ཡོད་པས་ཡིན། ཞེས་དང་། ཁོང་གི་ཆེས་ཐོག་མའི་བརྩམས་སྒྲུང་ནི་ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་རྩོམ་རིག་དུས་དེབ་ནང་པར་བསྐྲུན་བྱས་ཡོད་པའི་བོད་ཡིག་གི་བརྩམས་སྒྲུང་མི་དང་ཁྱི་ཞེས་པ་དེ་ཡིན་ལ། སྐབས་དེར་རྩོམ་རིག་སྒྱུ་རྩལ་བ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་ཁོང་གི་བརྩམས་སྒྲུང་འབྲི་བའི་ལས་ལ་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་སུ་བཅུག་ཡོད་སྐོར་སོགས་བརྗོད་འདུག

 རྩོམ་རིག་བྱ་དགའ་དེའི་དྲ་ཚིགས་སུ་པདྨ་ཚེ་བརྟན་ལགས་ཀྱི་རྩོམ་འབྲིའི་རྩ་བ་ནི་བོད་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན། ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་ཉམས་ལེན་དང་མིའི་རིགས་ཀྱི་བརྩེ་དུང་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྨྱུག་རིས་སུ་བཀོད་ཡོད་ལ། བལྟས་ཙམ་གྱིས་ཁ་གསལ་ཞིང་གོ་བདེ་ལ་ཚིག་རྒྱན་གྱིས་མ་སྤྲམ་པའི་ཡིག་འབྲུ་རེ་རེའི་ཁྲོད་དུ། ཕྲ་ཞིང་ཕྲ་བའི་སེམས་འགྱུ་དང་དཀྱེལ་ཆེ་བའི་སེམས་ཁམས། དྭངས་གསལ་ཅན་གྱི་ཤེས་རབ་ཀྱི་ཆ་བཅས་བརྒྱུད་སྒྲོག་གང་ལེགས་བྱས་འདུག སྒྲུང་གཏམ་ཨོ་རྒྱན་གྱི་སོ་ཞེས་པའི་ནང་། པདྨ་ཚེ་བརྟན་ལགས་ཀྱིས་ངེས་དོན་གྱི་སྒོ་ནས་བོད་མི་རྣམས་ཀྱི་འཚོ་བའི་རྣམ་པ་དང་སེམས་ཁམས་ཀྱི་རྣམ་པ་ཞིབ་འབྲི་བྱས་འདུག གློག་བརྙན་དང་སྒྲུང་གཏམ་བར་ཐོགས་པ་མེད་པར་བརྗེ་རེས་བྱེད་ཐུབ་པའི་འཇོན་ནུས་ཀྱིས་བདེ་ལེགས་ངང་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་བསྣོལ་མཚམས་ན་སྐྱོམ་པའི་སེམས་པ་དག་མཚོན་པར་བྱས་ཡོད། ཅེས་བཀོད་འདུག

སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༤ ལོར་མཚོ་ལྷོ་ཁྲི་ཀའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། རྩོམ་པ་པོ་དང་ལོ་ཙཱ་བ་ཞིག་ཡིན་འདུག  ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་གི་ཡོད་འདུག་ལ།  ཁོང་གིས་ད་བར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་དང་གཡང་མདའ། ཐར་ལོ་སོགས་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཚོང་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། 

གསར་འགོད་པ། ཀླུ་མགོན་ཐར། 

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply