བོད་མིར་གསང་བའི་མྱུལ་ཞིབ་བྱེད་མཁན་ཉེན་རྟོག་པ་ཞིག་འཛིན་བཟུང་བྱས།

ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་ལྟར་ཨ་རིར་གནས་སྡོད་བོད་མི་ཚོའི་སྐོར་ལ་གསང་བའི་མྱུལ་ཞིབ་བྱེད་མཁན་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་ཞིག་འཛིན་བཟུང་བྱས་འདུགཨ་རིའི་ནེའུ་ཡོག་དུས་བབ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་  ༢༡  ཉིན། ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ (FBI) ཀྱིས། ནེའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་མིང་ལ་པདྨ་དར་རྒྱས་ངག་དབང་ (Baima dajie Angwang ) ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནས་ད་བར་མི་དེས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་། ལྷག་པར་དུ་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་བཞིན་ཨ་རིར་གནས་སྡོད་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་མྱུལ་ཞིབ་བྱས་ཏེ། རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་རིགས་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་བཙུགས་འདུག

རང་ལོ་ ༣༣ ཡིན་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེ་ཨ་རིའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྐྱེས་པའི་བོད་རིགས་ཤིག་ཡིན་སྐོར་གསལ་འདུག འོན་ཀྱང་། ཨ་རིའི་ནང་གནས་སྡོད་བོད་མིའི་སྤྱི་ཚོགས་ཁྲོད། པདྨ་དར་རྒྱས་ངག་དབང་ཟེར་བ་དེ་བོད་ནང་གནས་སྡོད་རྒྱ་མི་ཞིག་ཡིན་པའི་དོགས་པ་ཡོང་གི་ཡོད་པ་མ་ཟད། འདི་ག་གསར་ཁང་ལ་ཁ་པར་འབྱོར་ཏེ། མི་དེས་ཁོ་རང་བོད་ནས་ཡོང་བ་ཡིན་ལུགས་བརྗོད་ཀྱི་ཡོད་ཀྱང་། ཕན་ཚུན་འཚམས་འདྲི་ཙམ་ལས་བོད་སྐད་ཡག་པོ་བཤད་ཤེས་ཀྱི་མེད་པ་སོགས་བརྗོད་བྱུང་ལ། སྤྱི་ཚོགས་དྲ་ལམ་དུའང་ཁོ་བོད་པ་ཞིག་ཡིན་མིན་གྱི་དོགས་སློང་བྱེད་མཁན་ཡོང་གི་འདུག

ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ཀྱིས་ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་ (Brooklyn) རྫོང་གི་དབུས་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་པའི་ཉེས་དོན་ཡིག་ཆ་ལྟར་ན།  པདྨ་དར་རྒྱས་ངག་དབང་ཟེར་བ་དེས་རྒྱ་ནག་གཞུང་གི་ཆེད་དུ་གསང་མྱུལ་བྱས་ཡོད་པ་མ་ཟད། མགོ་སྐོར་བསླུ་བྲིད་དང་། རང་གི་གནས་ཚུལ་རྫུན་སྒྲོག་བྱེད་པ། དེ་བཞིན་གཞུང་འབྲེལ་བརྒྱུད་རིམ་ལ་བར་ཆད་བཟོས་པའི་ནག་ཉེས་ཀྱང་བཙུགས་འདུག དེ་ཡང་ཕྱི་ལོ་ ༢༠༠༩ ལོར་པདྨ་དར་རྒྱས་ངག་དབང་ཟེར་བ་དེས། རང་ཉིད་ཨ་རིའི་ཟུར་བཅད་དམག་ཁོངས་སུ་ཞུགས་ཏེ་གསང་བ་རིམ་པའི་བདེ་འཇགས་ཆོག་མཆན་ (secret level security clearance ) ཐོབ་ཆེད་འབྲེལ་ཡོད་གཞུང་འབྲེལ་འགེངས་ཤོག་ནང་། ཁོ་རང་ཕྱིའི་རྒྱལ་ཁབ་དང་དེའི་གཞུང་ཚབ་ཁང་སོགས་དང་འབྲེལ་བ་མེད་སྐོར་དང་། ཁོའི་ནང་མི་ཚུད་པའི་ཕྱིའི་མི་སེར་ལ་འབྲེལ་བ་དམ་པོ་མེད་སྐོར་བཀོད་པ་དེ་དག་བདེན་པ་མིན་སྐོར་སོགས་བཀོད་ཡོད་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་གི་རྒྱལ་ཁབ་བདེ་འཇགས་ཚན་པའི་འགན་འཛིན་ལས་རོགས་སྐུ་ཞབས་ཇཱོན་སི་ཌི་མར་ (John C. Demers) ལགས་ཀྱིས། ད་ཐེངས་ཀྱི་གནད་དོན་དང་འབྲེལ། དབུས་དང་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་ཚོས་ཤེས་དགོས་པ་ཞིག་ལ། ཁྱེད་ཚོར་རྒྱ་ནག་གི་གསང་མྱུལ་གྱི་ཉེན་ཁ་འཕྲད་མི་སྲིད་པ་མིན། ད་ལན་གྱི་ཉེས་འཛུགས་ལྟར་ན། རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་དང་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལག་བསྟར་བྱེད་མཁན་གྱི་ལྷན་ཁང་ཁོངས་སུ་ཡོད་པའི་ལས་བྱེད་གཅིག་ལ་གསང་བའི་ལས་ཀ་བྱེད་དུ་བཅུག་སྟེ། ཕྱི་སྡོད་རྒྱ་རིགས་མི་སེར་རྣམས་ལ་བཙན་གནོན་བྱེད་ཀྱི་ཡོད་འདུག ཅེས་དང་། ང་ཚོའི་ཉེན་རྟོག་ཚན་པ་ནི་སྤྱི་དམངས་ཀྱི་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་མདུན་མཆོངས་བ་ཡིན་པས། ང་ཚོ་དབུས་སའི་འབྲེལ་ཡོད་ལས་ཁུངས་མཉམ་རུབ་ཀྱིས་ཉེན་རྟོག་ཚན་པ་འདི་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག་ལ། གལ་ཏེ་ནག་ཉེས་ར་འཕྲོད་བྱུང་ཚེ་མང་ན་ལོ་ ༥༥ གི་བཙོན་འཇུག་ཁྲིམས་ཐག་གཅོད་ཉེན་ཡོད་འདུག

དེ་རིང་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་ངོ་དེབ་ཐོག་སོ་མྱུལ་བ་དེ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་དམར་པོའི་སོ་མྱུལ་ཡིན་པ་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་འདུག་པར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་ཁྱབ་ཁོངས་མང་ཚོགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གཞུང་ལ་དམིགས་བསལ་ཐུགས་རྗེ་བླ་མེད་དུ་ཆེ་ཞུས་པ་དང་ཆབས་ཅིག  ད་དུང་སྤྱི་ཚོགས་ནང་རྒྱ་དམར་པོའི་སོ་མྱུལ་ཡོད་ངེས་རྩད་གཅོད་གནང་སྟེ་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་དྲག་པོ་ཡོང་བའི་རེ་འབོད་ཞུ་རྒྱུ། ང་ཚོ་བོད་མི་ཡོངས་དང་། ལྷག་པར་ནིའུ་ཡོག་འདི་ས་ཁུལ་གཞན་དང་མི་འདྲ་བའི་འཁྲུག་ཆ་དོད་པོ་དང་གནད་འགག་ཆེ་བའི་ས་གནས་ཞིག་ཡིན་པར་སོང་ཚང་མས་ངེས་པར་དོགས་ཟོན་གནང་དགོས། དམིགས་བསལ་ད་ལྟ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པར་བརྟེན། རྒྱ་དམར་པོས་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོའི་ཞི་འཇམ་སྤྱི་ཚོགས་ནང་བརྡབ་གསིག་དང་གཅིག་སྒྲིལ་རྩ་གཏོར་གཏོང་རྒྱུ་ཁོ་ནར་དམིགས་ཏེ་བོད་མི་ནང་ཁུལ་དཀྲུག་ཤིང་། གཞི་མེད་སྐྱོན་བརྗོད་སོགས་དགྲ་དགའ་གཉེན་སྡུག་གི་ལས་འགུལ་སྤེལ་མཁན་རིགས་ཀྱི་ཕྱོགས་སུ་མ་ལྷུངས་བ་ངེས་པར་གནང་དགོས་དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུ་ཞེས་འབོད་སྐུལ་གནང་འདུག

པདྨ་དར་རྒྱས་ངག་དབང་ཟེར་བ་དེས་ཨ་རིའི་རྒྱལ་ཡོངས་ཀྱི་ཉེན་རྟོག་ཁང་ཆེ་ཤོས་ནེའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་བྱེད་རིང་། ཟླ་རེའི་རྩེ་ཕུད་ཉེན་རྟོག་པའི་མིང་གནས་ཀྱང་ཐོབ་ཡོད་འདུག་ལ། ད་བར་དུ་གྲོང་ཁྱེར་དེའི་ཁྱུན་སི་ (Queens) ས་ཁུལ་གྱི་སྤྱི་དམངས་བདེ་འཇགས་ཚན་པར་ལས་ཀ་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༩ ལོའི་བོད་ཀྱི་ལོ་སར་འདུ་འཛོམས་ཐོག་ཁོ་དང་ཁོའི་ནང་མི་སྐུ་མགྲོན་གཙོ་བོ་བྱས་ཏེ་མཉམ་ཞུགས་བྱས་ཡོད་པ་དང་། ཁོའི་བཟའ་ཟླ་རྒྱ་མོ་དེ་རྒྱ་ནག་གཞུང་ཚབ་ཁང་གི་ལོ་སར་སྤྲོ་ཚོགས་སོགས་སུའང་མཉམ་ཞུགས་བྱས་ཏེ། སྤྲོ་ཚོགས་དེར་ཞུགས་པའི་བོད་མི་ཁག་ཅིག་དང་ལྷན་དུ་འདྲ་པར་བརྒྱབ་པ་དེ་འདྲ་ནེའུ་ཡོག་ཏུ་གནས་སྡོད་བོད་མི་ཞིག་གིས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་བྱུང་།ཁྱོན་ཤོག་གྲངས་ ༢༥ ལྷག་ཡོད་པའི་ཉེན་རྟོག་ཁང་གི་ཉེས་དོན་ཡིག་ཆའི་ནང་། པདྨ་དར་རྒྱས་ངག་དབང་ཟེར་བ་དེས་ཉེན་རྟོག་པ་བྱེད་རིང་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་མི་སྣ་གཉིས་དང་འབྲེལ་བ་བཟོས་ཡོད་ཅིང་། ཁོ་ཚོ་ལ་ཁུལ་དེར་གནས་སྡོད་བོད་མི་རྣམས་ཀྱི་གནས་ཚུལ་རིགས་མཁོ་སྤྲོད་བྱས་འདུག་པ་མ་ཟད། བོད་མིའི་ཁོངས་ནས་རྒྱ་ནག་གཞུང་གི་ཆེད་དུ་གསང་མྱུལ་གྱི་ལས་ཀ་བྱེད་མཁན་འཚོལ་སྒྲུབ་བྱ་རྒྱུར་རོགས་རམ་བྱས་ཡོད་པ་ཙམ་མ་ཟད།  ཁོས་རྒྱ་ནག་དོན་གཅོད་ཁང་གི་ལས་བྱེད་ཅིག་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་གཞུང་འབྲེལ་འདུ་འཛོམས་ཤིག་ཏུ་མགྲོན་འབོད་བྱས་ཏེ། ཉེན་རྟོག་ལས་ཁུངས་ཀྱི་གནད་ཡོད་མགོ་འཁྲིད་དང་འབྲེལ་བ་འཛུགས་ཐབས་བྱས་ཡོད་སྐོར་བཀོད་འདུག

དེ་ཡང་ཕྱི་ལོ་ ༢༠༡༨ ནས་པདྨ་དར་རྒྱས་ངག་དབང་ཟེར་བ་དེས་རྒྱ་ནག་གི་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་གཉིས་དང་ཁ་པར་བརྒྱུད་འབྲེལ་བ་བསྟུད་མར་བྱས་ཡོད་པ་དང་། འབྲེལ་བ་བྱ་ཡུལ་གཅིག་དེ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ (China Association for Preservation and Development of Tibetan Culture ( CAPDTC ) ཟེར་བའི་ཚན་པ་ཞིག་གི་ལས་བྱེད་ཅིག་ཡིན་པ་དང་། ཚན་པ་དེ་ནི་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཡན་ལག་ཅིག་ཡིན་འདུག

ཡང་ཐེངས་ཤིག་ཁོས་རྒྱ་ནག་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཅིག་ལ། ཁྱུན་སི་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པའི་ལྟེ་གནས་གསར་པ་དེར་བསྐྱོད་ཐུབ་ཚེ། གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་རག་སྲིད་སྐོར་དང་། འབྱུང་འགྱུར་ཡང་ལྟེ་གནས་ཁང་དེར་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ཕལ་ཆེ་བ་སྤེལ་ངེས་ཡིན་སྐོར་གྱི་བསམ་ཚུལ་བཏོན་ཡོད་པ་དང་། ཡང་སྐབས་གཅིག་ལ་ཁོས་བོད་མིའི་ཁྲོད་གསང་མྱུལ་བ་འཚོལ་ཆེད། རྒྱ་ནག་དོན་གཅོད་ཁང་ནས་ཁོ་རང་ལ་རྒྱ་ནག་ཏུ་བསྐྱོད་རྒྱུའི་ལོ་བཅུའི་ཐོངས་མཆན་སྤྲོད་དགོས་སྐོར་གྱི་རེ་སྐུལ་དང་། ཁོས་རང་ཉིད་ཀྱི་ཉེན་རྟོག་པའི་གནས་རིམ་ཐོག་ནས་ཨ་རིའི་ཉེན་རྟོག་ལས་ཁུངས་ཀྱི་ནང་ཁུལ་གྱི་གནས་ཚུལ་གལ་ཆེའི་རིགས་མཁོ་སྤྲད་བྱེད་ཐུབ་ཀྱི་ཡོད་སྐོར་ཡང་བརྗོད་ཡོད་འདུག

ཡང་སྐབས་ཤིག་ལ་ཁོས་རྒྱ་ནག་གི་ལས་བྱེད་གཅིག་ལ། རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོར་བོད་མིའི་སྤྱི་ཚོགས་ཁྲོད་མཐོང་ཆུང་དང་ཡ་མེད་བཏང་ཡོད་སྟབས། རྒྱ་ནག་དོན་གཅོད་ཁང་ངོས་ནས་ཁོ་ཚོར་རོགས་རམ་བྱེད་ཐུབ་ན། ཁོ་ཚོས་རྒྱ་ནག་མེས་རྒྱལ་གྱི་བཀའ་དྲིན་དྲན་སྲིད་པ་དང་། ནེའུ་ཡོག་ཁུལ་དུ་ཡོད་པའི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ཚུར་བསྡུ་ཐུབ་ཚེ། ཁོ་ཚོའི་ཁྲོད་གསང་མྱུལ་བྱེད་མཁན་ཡོད་སྲིད་པའི་བསམ་ཚུལ་བཏོན་པ་བཞིན། རྒྱ་ནག་གཞུང་གི་ལས་བྱེད་དེས་ཁོ་པར་མི་དེ་དག་བསྡུ་བསྐོང་བྱེད་དགོས་པ་དང་། སྔ་ཕྱི་མ་གཏོགས་ཁོ་ཚོ་བོད་ལ་བསྐྱོད་དགོས་ཚེ། རྒྱ་ནག་གི་དོན་གཅོད་མ་གཏོགས་གཞན་བརྒྱུད་ས་མེད་སྐོར་ཡང་བརྗོད་ཡོད་འདུགཡང་ཉེས་དོན་ཡིག་ཆའི་ནང་། པདྨ་དར་རྒྱས་ངག་དབང་ཟེར་བ་དེ་དང་ཁོའི་ནང་མིའི་བར་མུ་མཐུད་འབྲེལ་བ་ཟབ་མོ་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༠ ཉིན་ཁོས་སོ་སོའི་མིང་ཐོག་ནས་ཁོ་རང་གི་གཅེན་པོར་ཨ་སྒོར་འབུམ་ ༡ བསྐུར་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ཏུ་ཡོད་པའི་མི་ཞིག་ལ་ཨ་སྒོར་ཁྲི་ ༥ བསྐུར་ཡོད་འདུག དེ་བཞིན་རྒྱ་ནག་ནས་ཡར་ཁོ་པར་དངུལ་ཕོན་ཆེན་འབྱོར་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་ཁོའི་མིང་ཐོག་ལ་རྒྱ་ནག་ནས་ཨ་སྒོར་ ༤༩༩༨༥ འབྱོར་ཡོད་པ་དང་།  ཡང་ཕྱི་ལོ་ ༢༠༡༤ ལོར་ཁོའི་བཟའ་ཟླ་རྒྱ་མོ་དེ་དང་ཟུང་འབྲེལ་ཐོག་ཡོད་པའི་དངུལ་ཁང་གི་ཁ་བྱང་ཐོག་ཨ་སྒོར་ཁྲི་ ༥ དང་ཁྲི་ ༢ ཤིག་ལོགས་སུ་འབྱོར་ཡོད་སྐོར་བཀོད་ཡོད་འདུག འོན་ཀྱང་ད་ལྟའི་ཆར་དེ་དག་རྒྱ་ནག་གཞུང་གིས་ཁོ་པར་བཏང་བ་ཡིན་མིན་གསལ་ཁ་བཏོན་མི་འདུག

ཉེས་དོན་ཡིག་ཆའི་ནང་གསལ་བ་ལྟར་ན། པདྨ་དར་རྒྱས་ངག་དབང་ཟེར་བ་དེ་བོད་རིགས་ཤིག་ཡིན་པ་དང་། ཁོའི་ཕ་མ་གཉིས་དང་གཅེན་པོ་ཞིག་རྒྱ་ནག་ནང་ཡོད་པ་དང་། ཕ་མ་གཉིས་ཀ་དམར་ཤོག་ཚོགས་མི་ཡིན་པ་མ་ཟད། ཁོའི་ཨ་ཕ་དེ་རྒྱ་ནག་མི་མང་བཅིངས་གྲོལ་དམག་མི་ཟུར་པ་ཞིག་དང་། ཨ་མ་དེ་གཞུང་གི་ལས་བྱེད་ཅིག་ཡིན་འདུག དེ་བཞིན་གཅེན་པོ་དེ་ད་ལྟ་རྒྱ་ནག་གི་ཟུར་བཅད་དམག་ཁོངས་སུ་ཡོད་འདུག པདྨ་དར་རྒྱས་ངག་དབང་ཟེར་བ་དེ་རྒྱ་ནག་ནས་རིག་གཞུང་བརྗེ་ལེན་གྱི་ཐོངས་མཆན་ཐོག་ཨ་རིར་སླེབས་ཡོད་པ་དང་། ཐོངས་མཆན་གྱི་དུས་ཡུན་རྫོགས་ཁར་ཁོ་རང་བོད་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས། རྒྱ་ནག་གཞུང་གིས་བཙོན་འཇུག་དང་མནར་གཅོད་གཏོང་རབས་བཤད་དེ་ཨ་རིའི་ནང་སྐྱབས་བཅོལ་ཞུས་པ་དང་། ཕྱིས་སུ་རང་བཞིན་གྱིས་ཨ་རིའི་མི་སེར་དུ་གྱུར་ཏེ། རིམ་པས་ཨ་རིའི་ཟུར་བཅད་དམག་ཁོངས་སུ་ཞུགས་པ་མ་ཟད། གསང་བ་རིམ་པའི་བདེ་འཇགས་ཆོག་མཆན་ (secret level security clearance) ཡང་ཐོབ་སྟེ་གསང་བའི་ཡིག་ཆ་ཁག་ལ་ལག་པ་འཆང་ཆོག་གི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply

3 thoughts on “བོད་མིར་གསང་བའི་མྱུལ་ཞིབ་བྱེད་མཁན་ཉེན་རྟོག་པ་ཞིག་འཛིན་བཟུང་བྱས།

  1. འདམ་སྐྱེས།

    གནས་ཚུལ་རྒྱུས་ལོན་ཡག་པོ་གནང་འདུག་འོན་ཀྱང་་༢༠༡༩ ལོའི་ལོ་གསར་སྐབས་ཁོ་དང་ཁོའི་བཟའ་ཟླ་སྐུ་མགྲོན་གཙོ་བོ་ཡིན་མིན་ས་གནས་སུ་སྐབས་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མིར་བཀའ་འདྲི་གནང་ལེགས། མགྲོན་གཙོ་ཡིན་ཚོད་མི་འདུག་ལ་གནས་ཚུལ་ཁག་ལ་གཞིགས་ན་ཁོ་བ་རྒྱ་རིགས་ལས་བོད་མི་མིན་པ་གསལ་པོ་མཐོང་ཐུབ་ཀྱི་འདུག

  2. ཐང་དཀར་རྒོད་པོ།

    ད་ལྟ་བོད་པ་ཞིག་ཡིན་པའི་ཁུངས་ཡག་པོ་ཞིག་གཏན་ནས་མི་འདུག། ཁོའི་ཤང་པོ་བསྐལ་བཟང་ཟེར་བ་ཞིག་ཨ་རི་ནང་ཡོད་ཚོད་འདུག་པས་ ཁོ་ལ་ལན་ཡག་པོ་ཞིག་ཡོད་སྲིད།

  3. ཨུ་ཧུ་ལགས་

    ངའི་བསམ་པར་རྒྱ་དམར་གྱི་སོ་པ་ཁོ་རྒྱ་མི་ཡིན་སྲིད་པ་རེད་ གལ་སྲིད་ཁོ་པར་འདྲི་བཙད་ཀྱི་གོ་སྐབས་བོད་པར་ཡོད་ན་ཁོ་ལ་བོད་ནང་གི་ས་ཆ་རིགས་གཞུང་ཆོས་ལུགས་ལ་སོགས་ བོད་ནས་ཡོང་མཁན་བོད་པ་ཞིག་ལ་འདྲི་བཙད་བྱས་ན་བསམ་གུས་མོའི་བསམ་ཚུལ་ལ་