རྒད་པོ་འཁར་ཚུགས་དང་རྒན་མོ་བསམ་ཚུགས་ཀྱི་གདམས་ངག

ཁྲོ་བོ་དཔལ་འབར།

དུས་རབས་བརྒྱད་པའི་ནང་སློབ་དཔོན་པདྨ་འབྱུང་གནས་བོད་ཡུལ་བྲག་པོ་ཆེའི་དབེན་རྩར་ལོ་གཅིག་བཞུགས་ཏེ་ཕེབས་ཁར། དགུང་ལོ་དྲུག་ཅུར་ཉེ་བ་རྔོག་ཤེས་རབ་རྒྱལ་པོ་ཞེས་པས་སློབ་དཔོན་ལ་གསེར་སྲང་གི་མཎྜལ་བཏེགས་ནས། བདག་ཐོས་པ་དང་ཤེས་རབ་ཆུང་། ན་སོ་རྒས་པས། གོ་སླ། སྒྲོ་འདོགས་ཆོད། ལྟ་ཁམས་ཆེ། ཉམས་སུ་བླང་སླ་བ། རྒད་པོ་འཆི་ཁའི་གདམས་ངག་ཅིག་གནང་འཚལ་ཞེས་ཞུས་པས། སློབ་དཔོན་གྱིས་རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ཏེ་གདམས་པ་ཞིག་ལ་རྒད་པོ་འཁར་ཚུགས་ཀྱི་གདམས་ངག་ཅེས་བརྗོད་ཅིང་། གདམས་ངག་དེས་སྐྱེ་བོའི་ཚོགས་ཇི་འདྲའི་མང་པོ་ཞིག་ལ་ཐར་བའི་བཙན་ས་ཟིན་དུ་བཅུག་ཡོད་པ་མིན་ནམ།

ཁ་སང་དེ་རིང་གི་སྤྱི་ཚོགས་དྲ་ལམ་གྱི་གླེང་གཞི་གཙོ་བོ་ཞིག་ནི་རྒན་མོ་ལོ་བརྒྱད་ཅུ་ཡལ་ནས་དགུ་བཅུར་ཟིན་ཉེ་བ་ཞིག་གི་བསམ་ཚུགས་པའི་གཏམ་དེ་རེད། ཁོང་གིས་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཕ་ལྷ་མགྲོན་གཉེར་ཆེན་མོ་ཐུབ་བསྟན་འོད་ལྡན་དང་མཚུངས་དཔེར་བཀོད་སོང་། ཕ་ལྷ་མགྲོན་གཉེར་ཆེན་མོ་སུ་ཞིག་ཡིན་ནམ། ཁོང་ནི་ (1910-1985) དེ་སྔ་བོད་དུ་རྩེ་ཡིག་ཚང་གི་ལས་བྱ་ཆེ་མ་ཆུང་གསུམ་ནས་ཐེག་པ་རིམ་འཛེགས་དང་། ༸གོང་ས་མཆོག་གསང་ཐབས་ཀྱི་སྒོ་ནས་རྒྱ་གར་ལ་གདན་`ཞུ་གནང་ཕྱོགས་ཞིབ་ཕྲའི་འཆར་འགོད་པ་དང་། བཙན་བྱོལ་ནང་སུད་སི་དང་ཡོ་རོབ་དོན་གཅོད། ནང་སྲིད་བཀའ་བློན་སོགས་རིམ་པར་གནང་མྱོང་མཁན་སྐུ་ཚེ་ཧྲིལ་པོར་༸གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་དང་། བོད་བསྟན་སྲིད་མི་རིགས་ཆེད་ཞབས་ཞུ་ཧུར་ཐག་གནང་མྱོང་བའི་གཞུང་ཞབས་དགའ་ལྡན་ཕོ་བྲང་གི་མགྲོན་གཉེར་ཆེན་མོ་མཐའ་མ་དེ་རེད།  ཁོང་ནི་ཐུགས་གཤིས་བཟང་ཞིང་། དྲང་ཚུགས་ལྡན་པ།  དགོངས་པ་ཟབ་པ། སྙིང་སྟོབས་ཆེ་བ། ལངས་ཕྱོགས་བརྟན་པའི་ཕུལ་བྱུང་གི་གཞུང་ཞབས་སྲི་ཞུ་བ་ཞིག་ཡིན་པ་ལོ་རྒྱུས་ཀུན་ཏུ་གསལ་ཡོད་པ་ལྟར་རེད།

རྨོ་མོ་བསམ་ཚུགས་ཅན་དེས་ད་དུང་འདི་ལྟར། ཁོ་མོས་ཕྱི་ལོ་ ༢༠༡༦ ནས་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱབ་སྐྱོར་བྱེད་དོན་ཡང་གྲོས་ཚོགས་ནང་ཟ་ངེ་ཟེང་ངེ་ཡོང་བའི་སྐབས་ལ་ཁོང་གིས་ཧ་ཅང་སྟངས་འཛིན་ཡག་པོ་གནང་བྱུང་། ཁོང་དགོངས་པ་ཟབ་པ་དང་། ཁོག་རྒྱ་ཡངས་པ། དངོས་ནས་ཕོ་ཁྱོ་གའི་ཁོག་པ་མདའ་ཤོང་མདུང་ཤོང་ཞེས་པ་དེ་རེད། ཁོང་ལྟ་བུའི་སྤྱི་འཐུས་ཚོགས་གཙོ་ཞིག་མེད་ན། སྤྱི་འཐུས་གྲོས་ཚོགས་སྐབས་དེ་དུས་འཐོར་རྒྱུ་ཡིན་ཚུལ་དང་། ཁོ་མོས་ད་དུང་སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ནི། ཕ་ལྷ་མགྲོན་གཉེར་ཆེན་མོ་དང་འདྲ་བར་དྲང་བདེན་རང་གི་སྒང་ལ་ཕེབས་ཀྱི་ཡིན་གསུང་མཁན། ཕྱོགས་ལྷུང་དང་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པ། དེ་འདྲ་ཞིག་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་རྙེད་ཁག་པོ་ཡིན་པ་ཡང་གདམས་བྱུང་། རྒན་མོ་བསམ་ཚུགས་ཅན་འདིའི་གདམས་ངག་སྤྱི་ཚོགས་ཀྱི་དྲ་ལམ་ན་ཧ་ཅང་མང་པོས་དགའ་མོས་དང་གདམས་ངག་ཅིག་ཏུ་འཛིན་བཞིན་ཡོད་སྟབས། ངས་ཀྱང་གཟབ་ནན་གྱིས་ཉན་པ་ཡིན་ལ། ཉམས་ལེན་ཡང་དེ་ལྟར་བྱེད་ཀྱིན་ཡོད།

དུས་ཀྱི་ཆ་འདི་དག་གི་ནང་བཙན་བྱོལ་གྱི་བོད་མི་ཚོས་ཉེར་གཅིག་པའི་སྲིད་སྐྱོང་འོས་འདེམས་ཀྱི་ཡོ་ལང་རྒྱས་ཤིང་། དེའི་ནང་མཐོ་རིམ་མི་སྣར་བསྙད་པ་སྐོར་ཞིག་དང་། ཤེས་ཡོན་པར་ཁས་འཆེ་བ་སྐོར་ཞིག་གིས་ཀྱང་རང་སྣང་བསྐྲུན་ཏེ་སྒེར་གྱི་ཁེ་ཕན་རྩོད་སྒྲུབ་དང་། ཡང་རེ་ཟུང་གིས་ལུང་ཞེན་གྱི་ལ་རྒྱ་སྐམ་པོ་ཞིག་ལ་ཤི་སྦར་འཐམས་ནས། མི་རིགས་སྤྱིའི་རྩ་དོན་དང་དེའི་ཁེ་ཕན་རྒྱབ་ཏུ་བསྐྱུར་པའམ། ཡང་ན་དེར་ལྟ་ཤེས་ཀྱི་བློ་མིག་ཡོངས་སུ་ལྡོངས་པ་ནི་ཆེན་པོ་དག་ལ་ལྟ་ཅི་སྨོས། རྒན་མོ་བསམ་ཚུགས་ཅན་འདི་ལའང་ངོ་ནོངས་དགོས་པ་ཞིག་རེད། གངས་ཅན་༸མགོན་པོ་དགུང་ནའི་བབ་མཐོ་ཞིང་བོད་ཀྱི་གནས་སྟངས་ཧ་ཅང་གཉན་འཕྲང་གི་སྐབས་འདི་འདྲ་ཞིག་ནས་གཞིགས་ཚེ། ཁོང་ཚོའི་བསམ་མེད་ཀྱི་བྱེད་སྟངས་དེ་ཚོ་ནི་ཇི་འདྲའི་ཡིད་སྐྱོ་བ་དང་སེམས་ཕམ་པ་ཞིག་མ་རེད་དམ།

སྐབས་སྔ་མའི་སྲིད་སྐྱོང་འོས་འདེམས་ཁྲོད་ཕྱོགས་སོ་སོའི་རྒྱབ་སྐྱོར་བ་དུམ་བུ་ཆེན་པོ་གཉིས་སུ་གྱེས་ཤིང་། དེ་ལ་བརྟེན་ནས་ཕྱོགས་ཕན་ཚུན་བར་རང་རང་གི་འོས་མིར་རྒྱལ་ཁ་འཐོབ་ཆེད་བསམ་བློའི་འཐབ་རྩོད་ཀྱི་རྙོག་ཟིང་ཕྲན་བུ་ཞིག་བྱུང་ཡོད་ཀྱང་། དེ་ནི་སྤྱིར་དམངས་གཙོའི་འགྲོ་ལུགས་ཤིག་དང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚང་མར་བྱུང་དང་འབྱུང་བཞིན་པའི་གཅིག་གྱུར་གྱི་གནས་སྟངས་སྤྱི་འགྲོས་པ་ཞིག་ལས་གཞན་ཅི་ཡང་མ་རེད།

འོན་ཀྱང་ཁེ་ཕན་རྩོད་སྒྲུབ་པ་དང་། ལུང་ཞེན་ཕྱོགས་འཛིན་པ་ཁ་ཅིག་གིས་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་རྒྱབ་སྐྱོར་མི་བྱེད་པ་ནི་གོང་གསལ་གྱི་དོན་གནད་དེར་གཡས་ཁག་གཡོན་དཀྲི་བྱེད་བཞིན་ཡོད་ཚོད་ཀྱང་། དེ་ནི་ཁ་གཡར་ས་ཞིག་ལས་ཁོང་ཚོས་དམིགས་དོན་ནི་གསལ་བོ་ཡིན། ཡང་གཅིག་བཤད་ན་དེ་ནི་ཕྱོགས་སོ་སོའི་རྒྱབ་སྐྱོར་བ་ཚོའི་བྱ་སྤྱོད་ཅིག་ལས་སྐབས་དེའི་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་གཉིས་ཀྱི་ནོར་འཁྲུལ་ཞིག་ག་ནས་ཡིན།

བོད་མི་རྣམས་རྙོག་དྲ་བཟོ་མཁན་ཞེ་གཅིག་ཡིན་ནམ། དེ་ནི་གཏན་ནས་མིན། ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་མཚོན་ན། སྔོན་ཡང་རྙོག་དྲ་བཟོས་མྱོང་མེད་ལ་སླད་ནས་ཀྱང་བཟོ་མི་སྲིད། གང་ཡིན་ཞེ་ན་ཁོང་ནི་བོད་མིའི་༸སྐྱབས་མགོན་༸གོང་ས་མཆོག་གི་ཐུགས་དགོངས་ཁ་ཞེ་གཉིས་མེད་ཀྱིས་སྒྲུབ་གནང་མཁན་ཞིག་ཡིན་སྟབས། ༸རྒྱལ་བའི་དགོངས་པ་དང་འགལ་བའི་ལས་ཕྲ་མོ་ཙམ་ཡང་བརྩམས་མྱོང་མེད་པའི་ཕྱིར། འོན་ཀྱང་སྤྱི་ཚོགས་ནང་མི་རེ་ཟུང་གིས་འདས་པའི་ཆར་ཡང་རྙོག་དྲ་བཟོས་ཡོད་ལ། རྗེས་སོར་ཡང་སྲིད་སྐྱོང་གི་འོས་མི་སུ་འདྲ་ཞིག་བསླེབས་ཀྱང་། ཁོང་ཚོས་རྣམ་པ་ཅི་རིགས་ངང་རྙོག་དྲ་བཟོ་ངེས་རེད། ཡིན་ནའང་ང་ཚོས་དེ་ཚོར་ཧ་ཅང་ཞིབ་ཚགས་ཀྱིས་ལྟ་ཞིབ་བྱ་དགོས་པ་དང་། གཞི་རྩ་ཡོད་མེད་ལ་དེ་བས་ཀྱང་བལྟ་དགོས། གཞི་རྩ་མེད་ས་ཞིག་ལ་རྙོག་དྲ་བཟོས་ན་དེར་མི་མང་གིས་རྒྱབ་སྐྱོར་ཐོབ་པ་ལྟ་ཅི། མཐར་རྙོག་དྲ་བཟོ་མཁན་རང་ཉིད་ཀྱིས་ཕོ་རོག་དཀར་པོའི་རང་མདོག་སྟོན་རྒྱུར་མ་ཟད། ཕྱི་ནང་གི་ཁྲིམས་ཐོག་གང་ནས་ཀྱང་ཕམ་ཁ་རག་རྒྱུ་ཁོ་ན་ཡིན་པས་དེར་འཛེམས་ཟོན་བྱ་དགོས་གང་ཡང་མ་མཆིས།

མཇུག་ཏུ་གཞུང་གི་སྲི་ཞུ་བ་རྙིང་གྲས་རྒན་མོ་བསམ་ཚུགས་ཅན་དེས་སྤྱི་ཚོགས་མཐུན་ན་དགའ་བ་དང་། ༸གོང་ས་མཆོག་གིས་ཆོལ་ཁ་གསུམ་དེ་སྐྱིད་ན་སྐྱིད་མཉམ། སྡུག་ན་སྡུག་མཉམ་བྱ་དགོས་པར་བཀའ་སྩལ་པ་ལྟར་དགོངས་པ་བཞེས་དགོས་ཚུལ་དང་། ད་ལྟ་ཧ་ཅང་དུས་ཚོད་ཉག་ཕྲ་བོའི་སྒང་ལ་བསླེབས་ཡོད་སྟབས། ཚང་མས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མི་གཏོང་བར། བོད་ཀྱི་རྩ་དོན་ཁོ་ནའི་ཐོག་ལ་དགོངས་བཞེས་ཀྱིས་སྲིད་སྐྱོང་གི་འདེམས་ཀ་མ་ནོར་བ་དགོས་ཤིང་། ད་ཡོད་ཀྱི་སྲིད་སྐྱོང་འོས་མི་ཚོའི་ཁྲོད་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ལས་ལྷག་ཅིག་མེད་པ་དང་། ཁོང་གི་སྐུ་ཡོན་དང་རྒྱལ་གཅེས་ལྷག་བསམ། སྙིང་སྟོབས་བཅས་ལ་ཤོད་དགོས་མ་མཆིས་ཤིང་།ཆོལ་ཁའི་འཐེན་འཁྱེར་རྩ་བ་ནས་མེད་མཁན་ཁོང་འདྲ་བ་ཞིག་ད་ལྟའི་དུས་སུ་ང་ཚོར་ཡོད་པ་ནི་བསོད་ནམས་རེད། ཁོ་མོས་“སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་དོན་ནི། བོད་མིའི་རྩ་དོན་འབའ་ཞིག་ལ་བསམས་པ་ཡིན་” ཞེས་པའི་ཚིག་བརྗོད་འདི་ཚོ་ནི་ཇི་འདྲའི་ཤ་ཚ་མོའི་སྙིང་གཏམ་ཞིག་རེད་ཨང་། མ་དྲིན་ཅན་མ་ཁྱེད་ནི་རྒན་མོ་བསམ་ཚུགས་ཅན་ཞིག་རེད། སྐུ་ཚེ་རིང་། ཁ་དྲོ་བཀྲ་ཤིས།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply

3 thoughts on “རྒད་པོ་འཁར་ཚུགས་དང་རྒན་མོ་བསམ་ཚུགས་ཀྱི་གདམས་ངག

  1. དངོས་གནས་རྒན་མོ་གཞན་དང་མ་འདྲ་བ་ཞིག་འདུག ཐུགས་རྗེ་ཆེ་གནང་། རྒན་མོའི་གཏམ་ཆ་ཚང་ཉན་པ་ཡིན། གཞན་ལ་ཉན་དུ་བཅུག་པ་ཡིན། སྐུ་ཉིད་ཀྱི་གཏམ་ལ་བྲོ་བ་དང་རྒྱུ་མཚན་འདུག རྒན་མོ་ཁྱེད་སྐུ་ཚེ་རིང་།

  2. ཉེ་ཆར་སུ་སིར་སྐལ་རྡོར་གྱིས་རྒན་མོ་ཁ་འདོན་བྱེད་ནས་མ་སྡོད་པར་གང་བྱུང་མང་བྱུང་བཤད་ནས་ཞེས་ཟུར་ཟ་གནང་འདུག དེ་ནི་ཨ་མ་ལགས་ཀྱི་སྨྲ་བརྗོད་རང་དབང་འཕྲོག་པ་རེད། དེ་ནི་ཨ་མ་ལགས་བོད་ཀྱི་རྩོ་དོན་ལ་འགན་འཁུར་ལེན་མི་དགོས་པའི་བརྡ་ལན་རེད། དེ་ནི་ང་ཚོའི་མ་འོངས་པའི་སྲིད་སྐྱོང་འོས་མི་རེད། དེ་ནི་ན་གཞོན་ཞིག་གི་ངར་ཤུགས་རེད། དེ་ནི་ང་ཚོའི་སློབ་སྟོན་པ་དང་ལམ་ཁྲིད་པ་རེད།

    བསམ་བློ་ཡག་པོ་གཏོང་། སྲིད་སྐྱོང་སུ་ཡིན་རུང་དུས་ནས་དུས་སུ་འཕོ་འགྱུར་འགྲོ་ཡི་རེད། མི་རྙིང་པ་ཕྱིན་ནས་གསར་པ་སླེབ་ཀྱིས་རེད། འོན་ཀྱང་བོད་སྤྱིའི་རྩ་དོན་ལ་སྐྱོན་མེད་ལྷད་མེད་དུ་གནས་དགོས་པ་གལ་ཆེན་པོ་རེད། འགྲུལ་པ་ཞིག་ཁྱེད་ཀྱི་ནང་ལ་སླེབས་ནས་ཛ་རེ་ཛོ་རེ་བཟོས་རྗེས་གཙང་མ་ཁྱེད་རང་རང་གིས་བཟོ་དགོས་པས་འགྲུལ་པ་གང་བྱུང་མང་བྱུང་གདན་འདྲེན་མ་ཞུས་ན་བཟང་། དེ་བཞིན་ང་ཚོའི་བོད་སྤྱི་པའི་རྩ་དོན་དང་ལ་རྒྱར་ལྟས་བཟོ་གཅིག་ཀྱང་མེད་པར་བཙོགས་པ་བཙོག་རྐྱག་བཟོས་ན་གྱོང་གུན་ང་རང་ཚོར་རགས་པ་རེད། ང་ཚོའི་བུ་འཕྲུག་རྗེས་མ་ཚོར་རགས་པ་རེད། བོད་སྤྱིའི་བསམ་བློ་གཏོང་མི་ཤེས་ན། མ་མཐར་ཁྱེད་རང་ཚོའི་བུ་འཕྲུག་ལ་བསམ་བློ་གཏོང་ཤེས་པ་དགོས། བསམ་བློ་ཡག་པོ་གཏོང་།