སློབ་གསོ་བ་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལཊ་སྐུ་གྲོངས།

བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་ཞིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཡིག་མཁན་གྲགས་ཅན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་གྲོངས་ཡོད་འདུགཁ་སང་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཙམ་གྱི་སྟེང་། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་ཞིང་། ཕྱིས་སུ་བོད་ནང་གི་སློབ་གསོའི་བྱ་བཞག་ཐོག་མཛད་རྗེས་ཆེན་པོ་བཞག་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དགུང་གྲངས་ ༧༥ སྟེང་སྐུ་གྲོངས་ཡོད་འདུག

 སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་བོད་ཀྱི་སློབ་གསོའི་ཐད་བྱས་རྗེས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཁོང་གིས་ད་བར་སློབ་ཁྲིད་ཀྱི་ཞོར་དུ་ཞིབ་འཇུག་གི་ཕྱག་ལས་གནང་སྟེ་དཔེ་དེབ་མང་པོ་བརྩམས་ཡོད་པ་རེད། ཁོང་གིས་སྙན་ངག་གི་སློབ་དེབ་《མིག་ཡིད་རྣ་བའི་དགའ་སྟོན་》དང་།《བོད་ཀྱི་སྤྱི་སྐད་སློབ་དེབ།》བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན།》《བོད་ཀྱི་ཡུལ་སྲོལ་རྣམ་བཤད་》བཅས་དང་།《བྱིས་སྒྲུང་གྲགས་ཅན་ལྔ་》ཞེས་པའི་བསྒྱུར་རྩོམ་ཞིག་བཅས་དཔེ་དེབ་དང་དཔྱད་རྩོམ་ཡང་མི་ཉུང་བ་ཞིག་བརྩམས་ཡོད་པ་མ་ཟད། བཅད་ལྷུག་སྤེལ་གསུམ་གྱི་སྒྱུ་རྩལ་བརྩམས་ཆོས་ཡང་མང་པོ་ཞིག་བོད་ཁུལ་གྱི་དུས་དེབ་ཁག་ནང་སྤེལ་ཡོད་པ་དང་། རྒྱ་ཆེའི་ཀློག་པ་པོ་མང་པོས་དགའ་བསུ་ཆེན་པོ་ཐོབ་མྱོང་ཡོད་ལ། ཁོང་གི་ཆེས་ཉེ་བའི་བརྩམས་ཆོས་ནི་《མཛའ་བཅུག་གི་མི་ཚེ་》ཞེས་པ་དེ་ཡིན་འདུག 

རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༠༠ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་མཚན་གནས་བཞེས་ཡོད་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། དེ་བཞིན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ་དང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་གྱི་མཚན་གནས་ཐོབ་ཡོད་ལ། ཁོང་གིས་མི་ལོ་ ༥༠ ཙམ་རིང་སློབ་གསོའི་བྱ་གཞག་ཁོ་ནའི་ཐོག་ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་གནང་ཡོད་འདུག

 རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༤༥ ལོར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་སུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༡ ལོར་ལྷ་ས་ན་རོང་ཤག་གི་སློབ་གྲྭར་ཕེབས། ཕྱི་ལོ་ ༡༩༥༧ ནས་ ༡༩༥༩ བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༠ ལོ་ནས་སྙེ་མོ་ཁུལ་དུ་སློབ་ཆུང་དགེ་རྒན་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་སྒྱུར་བྱུང་སྟེ་སྙན་ངག་དང༌། སུམ་རྟགས། མངོན་བརྗོད། བརྡ་རྙིང༌། རྩོམ་རིག གཞུང་ཡིག ཡིག་སྐུར་རྣམ་གཞག རོལ་མོའི་བསྟན་བཅོས། བོད་ཀྱི་ཡུལ་སྲོལ། བོད་ཀྱི་ཡིག་གཟུགས་བཅས་ཆེད་ལས་མི་འདྲ་བ་ཁག་མང་པོ་ཞིག་སློབ་ཁྲིད་གནང་སྟེ་བོད་ཡུལ་ནས་བསྔགས་བརྗོད་དང་ཆེ་མཐོང་ཆེན་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply