ཏོག་དབྱིབས་རྐྱེན་གྱིས་སྨོན་ལམ་ཆེན་མོ་ཚོགས་ཁག་པོ་ཆགས་ཀྱི་ཡོད་འདུག

ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ལོར་དྲ་ལམ་བརྒྱུད་འཚོག་འཆར་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

 ཟླ་འདིའི་ཕྱི་ཚེས་  ༢༠ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོས་ཐེབས་རྩ་ཁང་ནས། འདི་ལོ་འཛམ་གླིང་ཡོངས་དང་ལྷག་ཏུ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་བཞིན་ཡོད་སྟབས། རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བཀའ་དགོངས་བཞིན། ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་སྲོལ་ཡོད་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ལོ་རྗེས་མའི་བར་དུ་ཕྱིར་འགྱངས་གནང་ཡོད་པའི་གསལ་བསྒྲགས་གནང་འདུག

དེ་འབྲེལ་གསལ་བསྒྲགས་ནང་། མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་དང་ཆོས་ཚོགས་ཁག་གིས་གཙོས་དད་ལྡན་སེར་སྐྱ་ཡོངས་ལ། འདི་ལོ་ཆེས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས། འཛམ་གླིང་སྤྱི་དང་ཡང་སྒོས་སུ་མ་ཡུམ་རྒྱ་གར་བཅས་ལ་ཕར་ཚུར་འགྲུལ་བཞུད་མི་ཐུབ་པར་མ་ཟད། དཀའ་རྙོག་དང་ཉེན་ཁ་ཇེ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན།  དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་དགོངས་དང་ལམ་སྟོན་གཞིར་བཟུང་སྟེ། སྟོན་པ་ཐུབ་པའི་དབང་པོའི་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་འཚོགས་བཞིན་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ལོ་རྗེས་མ་བར་ཕྱིར་འགྱངས་བྱས་ཡོད་སྐོར་བཀོད་འདུག

 ཡང་གསལ་བསྒྲགས་ནང་། བསྟན་པ་ཡུན་གནས་དང་སེམས་ཅན་འདས་གསོན་ཡོངས་ཀྱི་སླད། གདན་ས་རུམ་བཏེག་གྲྭ་ཚང་སངྒ་འདུས་སྤྱིས་གཙོ་བོའམ་སྣེ་ཁྲིད་པ་གནང་ནས། འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དྲྭ་ལམ་བརྒྱུད་ནས་འཚོགས་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པས། རྣམ་པ་ཚོ་དྲྭ་ཐོག་ཏུ་མཉམ་ཞུགས་ཐུབ་པའི་རེ་ཞུ་དང་སྦྲགས། འདི་ལོར་ཏོག་དབྱིབས་ནད་ཡམས་དེའི་རྐྱེན་པས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་གོ་སྒྲིག་ཞུ་ཐབས་བྲལ་བར་ཡིད་འགྱོད་ཚད་མེད་ངང་སྙིང་ནས་བཟོད་གསོལ་ཞུ་བཞིན་ཡོད་སྐོར་དང་།  དྲ་ལམ་བརྒྱུད་འཚོག་འཆར་ཡོད་པའི་སྨོན་ལམ་ཆེན་མོའི་དྲྭ་ཚིགས་དང་དུས་ཚོད་རྗེས་སུ་དུས་ཐོག་ཏུ་ངོ་སྤྲོད་བྱ་རྒྱུ་ཡིན་སྐོར་གསུངས་འདུག  

ལོ་རེའི་བོད་ཟླ་ ༡༢ ཡས་མས་སུ་གནས་མཆོག་རྡོ་རྗེ་གདན་སོགས་སུ།  བོད་ཀྱི་ཆོས་བརྒྱུད་ཆེན་མོ་ཁག་ནས་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་ཀྱང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འགྲོ་སྐྱོད་དང་ལྷག་པར་དུ་སེར་སྐྱེ་འཕོན་ཆེན་འདུ་འཛོམས་བྱེད་པར་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེན་པོ་ཡོད་སྟབས། འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་འབྲེལ་ཡོད་ལ་བཀའ་འདྲི་ཞུས་པ་ལྟར་ན། ༧དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཚོགས་གནང་རྒྱུ་ཡིན་མིན་ཐད་ད་ལྟའི་ཆར་གསལ་བསྒྲགས་རིགས་གང་ཡང་གནང་མེད་པ་དང་།  སྔ་འགྱུར་རྙིང་མའི་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ལ་ཞལ་པར་མཐུད་ཐུབ་མ་སོང་། 

དེ་བཞིན་དགེ་ལུགས་སྨོན་ལམ་ཆེན་མོའི་སྐོར་ལ་འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེར་བཀའ་འདྲི་ཞུས་པར་ཁོང་གིས།  ད་ལྟའི་ཆར་དམིགས་བསལ་སྨོན་ལམ་སྐོར་ནས་གྲོས་བསྡུར་བྱེད་ཐུབ་མ་སོང་ལ། ད་ལྟའི་ཏོག་ནད་གནས་སྟངས་ལ་བསམ་ན་མ་འོངས་པར་ཚོགས་ཐུབ་རྒྱུ་དཀའ་ལས་ཁག་ཆགས་ཡོད་སྐོར་གསུངས་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༣

Leave a Reply