ཕན་ཐོགས་ཡོད་ན་༧སྐུའི་ཡང་སྲིད་བུད་མེད་ཅིག་ཡོང་སྲིད་པ་རེད་ཅེས་གསུངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་རབས་ཚན་རིག་པ་ཚོར་ཕྱི་དངོས་པོའི་སྐོར་གྱི་ཤེས་བྱ་ཡོན་ཏན་ལས་ནང་སེམས་ཁམས་དང་ཀླད་པའི་སྐོར་ལ་ཤེས་བྱ་དེ་ཙམ་མེད་པས་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ནང་སེམས་ཀྱི་འཕྲོད་བསྟེན་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།ཁ་སང་ཕྱི་ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དྲ་ལམ་བརྒྱུད། མེག་སི་ཁོ(Mexican)ནས་ཡིན་པའི་གློག་བརྙན་འཁྲབ་སྟོན་པ་དང་གློག་བརྙན་བཟོ་སྐྲུན་མཁན་སྐུ་ཞབས་ཨེ་ཇེ་ནིའོ་དྷར་བྷེ་ཛི་ (Eugenio Derbez)ལགས་དང་ལྷན་དུ།  བྱམས་བརྩེ་དང་ཁོར་ཡུག་གི་གནད་དོན་(Compassion and Environment Issues)ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས། འཛམ་གླིང་གང་སར་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ནང་སེམས་ཀྱི་འཕྲོད་བསྟེན་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

སྐུ་ཞབས་ཨེ་ཇེ་ནིའོ་དྷར་བྷེ་ཛི་ལགས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞོགས་པ་སྔ་པོ་ཡར་བཞེངས་གནང་གི་ཡོད་རེད་ཅེས་གོ་ཐོས་བྱུང་། སྐུ་ཉིད་སྔ་པོ་ཡར་བཞེངས་རྗེས་ཉིན་མོ་ཇི་ལྟར་སྐྱེལ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེ་ནི་དམིགས་བསལ་བ་གང་ཡང་མིན་པ་དང་།  སྒེར་ལ་ཆ་བཞག་ན། ངོས་ཀྱིས་ནམ་རྒྱུན་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་བསམ་གྱི་ཡོད། མི་ཚོས་ངོས་ལ་ཏཱ་ལའི་བླ་མ་ཞེས་བརྗོད་ཀྱི་ཡོད་ན་ཡང་། ངོས་ཀྱིས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཏེ། པཱ་ལི་ཆོས་བརྒྱུད་གཞིར་བཞག་ཐོག་ང་ཚོས་ཆོས་འདུལ་བ་ཉམས་ལེན་བྱེད་ཀྱི་ཡོད། པཱ་ལི་ཆོས་བརྒྱུད་ནི་གཙོ་བོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལ་བརྟེན་ནས་འགྲོ་ཡི་ཡོད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཙོ་བོ་རིག་པར་བརྟེན་ནས་འགྲོ་ཡི་ཡོད། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད།  རིམ་པས་ནཱ་ལེནྡྲའི་སློབ་གཉེར་བསྟི་གནས་ཁང་ཡར་རྒྱས་ཕྱིན་པ་དང་མཉམ་དུ་ལེགས་སྦྱར་གྱི་ཆོས་བརྒྱུད་དར་རྒྱས་བྱུང་ཡོད་སྐོར་གསུངས་སོང་།

ཡང་༧གོང་ས་མཆོག་གིས།  དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་དྲངས་པ་དང་། མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་ལ་ངོ་སྤྲོད་གནང་ཡོད། སྐབས་དེ་དུས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་གི་རྒྱལ་པོས་ནང་ཆོས་སླད་བློས་བཏང་གནང་ཡོད་པ་དང་། རྒྱ་ནག་གི་ནང་པའི་གྲྭ་པ་མང་པོ་ཞིག་བོད་ནང་བསླེབས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་དོ་སྣང་གནང་ཡོད་པ་དང་། སྐབས་དེ་དུས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་མཁན་ཆེན་ཞི་འཚོས་དཔལ་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་བོད་ལ་ངོ་སྤྲོད་གནང་ཡོད། དེ་ནས་བཟུང་ང་ཚོ་བོད་པ་རྣམས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་འབྲང་བ་ཆགས་ཡོད་སྐོར་གསུངས་སོང་།འདས་པའི་ལོ་མང་རིང་ནས་ཚན་རིག་པ་དང་མཉམ་དུ་ནང་སེམས་ཀྱི་སྐོར་ལ་བགྲོ་གླེང་བྱེད་བཞིན་པའི་སྐོར་ལ་༧གོང་ས་མཆོག་གིས། དཔལ་ནཱ་ལེནྡྲའི་འགྲོ་སྟངས་དེ་རིག་པས་དཔྱད་པ་བྱེད་རྒྱུ་གཙོ་བོ་བྱས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ན་ཡང་། རིག་པས་དཔྱད་ཡོང་དུས་ཕྲན་བུ་མི་བདེ་བ་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དྲང་དོན་དགོངས་པ་ཅན་རེད། ངེས་དོན་མ་རེད་ཅེས་དབྱེ་བ་འབྱེད་རྒྱུའི་ཐོབ་ཐང་ཡོད། འདས་པའི་ལོ་ངོ་ ༤༠ ནས་ ༥༠ རིང་ངོས་ཀྱིས་དེང་རབས་ཚན་རིག་པ་ཚོ་དང་ལྷན་དུ་ནང་སེམས་ཀྱི་སྐོར་བགྲོ་གླེང་བྱས་པ་ཡིན།  དེང་རབས་ཚན་རིག་པ་ཚོར་ཕྱི་དངོས་པོའི་སྐོར་ཤེས་བྱ་ཡོན་ཏན་ཧ་ཅང་ཡག་པོ་ཡོད་ནའང་། ནང་སེམས་ཁམས་དང་ཀླད་པའི་སྐོར་ལ་ཤེས་བྱ་དེ་ཙམ་མེད། དེང་རབས་ཚན་རིག་པ་ཚོས་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ཚད་མ་རིག་པར་རྗེས་སུ་ཡི་རང་གནང་གི་འདུག   དེང་སང་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། ནང་སེམས་ཀྱི་འཕྲོད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་འགྲོ་སྟངས་ཤེས་པར་ང་ཚོར་ཤེས་བྱ་ཆ་ཚང་བ་ཞིག་ལྡན་དགོས། ཞེས་གསུངས་སོང་།

མཇུག་ཏུ་སྐུ་ཞབས་ཨེ་ཇེ་ནིའོ་དྷར་བྷེ་ཛི་ལགས་ནས་མ་འོངས་པར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་བུད་མེད་ཅིག་འཁྲུང་སྲིད་མིན་བཀའ་འདྲི་ཞུས་པར།  གོང་ས་མཆོག་ནས་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་ཁག་གི་དམག་དཔོན་ཕལ་ཆེ་བ་སྐྱེས་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་བུད་མེད་ཀྱིས་གནང་ཚེ་འཛམ་གླིང་ནང་བརྟན་ལྷིང་དང་དཀའ་ངལ་ཉུང་དུ་འགྲོ་སྲིད། གནས་སྟངས་ལ་དཔགས་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་གནས་པ་དང་། ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་འཁྲུངས་ནས་ཕན་ཐོགས་ཡོད་ན། ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ལ་འཁྲུང་སྲིད་སྐོར་སོགས་གསུངས་སོང་།

མཆན།  སྐུ་པར་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ནས་བླངས།

གསར་འགོད་པ།  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༣

Leave a Reply