བོད་མི་འབུམ་ ༥ ལྷག་བཙན་བཀོལ་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་ཡོད་འདུག

བོད་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ ༥ ལྷག་བཙན་བཀོལ་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྙན་ཐོ་ཡོངས་བསྒྲགས་གནང་བ་དེར་རྒྱ་ནག་གཞུང་གིས་བདེན་པ་མིན་ཚུལ་གྱི་རྒོལ་ལན་སྤྲད་འདུགཁ་སང་ཨོ་གླིང་གི་སུད་ནེ་ཞོགས་པའི་ཆ་འཕྲིན་ཕོ་ཉ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་Inter-Parliamentary Alliance on China (IPAC)རྒྱབ་སྐྱོར་འོག ཤིན་ཅང་ནང་གི་གནད་དོན་ཐད་ཆེད་དམིགས་ཞིབ་འཇུག་པ་དང་འཇར་མན་གྱི་མི་རིགས་རིག་པ་བ་སྐུ་ཞབས་ཨེ་ཌི་རེན་རྫན་(Adrian Zenz)ལགས་ཀྱིས་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དབུལ་གྲོལ་དགག་སྒྲོལ་གྱི་སྲིད་བྱུས་ཟེར་བའི་འོག བོད་ནང་བཙན་བཀོལ་ངལ་སྩོལ་སྒྱུར་བཀོད་ཁང་གསར་འཛུགས་བྱས་ཏེ། འདི་ལོའི་ལོ་མགོ་ནས་ཕྱི་ཟླ་ ༧ པ་བར་ཁྱོན་བོད་མི་འབུམ་  ༥ ལྷག་བཙན་གྱིས་ངལ་སྩོལ་སྒྱུར་བཀོད་ཁང་དུ་བཅུག་སྟེ་ངལ་སྩོལ་བྱེད་དུ་འཇུག་གི་ཡོད་སྟབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་རྣམས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུའི་ཐག་གཅོད་ཕྱིར་འཐེན་དགོས་པའི་འབོད་སྐུལ་གནང་འདུག 

གནད་དོན་འདིའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ལན་འདེབས་ཤིག་བྱས་པའི་ནང་།  སྙན་ཐོ་དེའི་རྒྱབ་ཀྱི་ཀུན་སློང་གང་ཡིན་མ་ངེས་ནའང་བོད་ནང་བཙན་བཀོལ་ངལ་སྩོལ་སྒྱུར་བཀོད་ཁང་ཟེར་བ་ཞིག་གཏན་ནས་མེད་ལ། ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དོན་དངོས་ལ་གུས་བརྩི་བྱས་ཏེ།  ནོར་བ་ནས་བདེན་པ་ངོས་འཛིན་ཐུབ་པ་དང་གཞན་གྱི་གཡོ་འོག་ཏུ་མི་འགྲོ་བར་རེ་བ་ཞུ་བཞིན་ཡོད། ཅེས་བསྒྲགས་འདུག་ལ། ཤིན་ཅང་ཁུལ་གྱི་བཀག་སྐྱིལ་ཁང་གི་གནས་ཚུལ་རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་ཏུ་ཐོན་སྐབས། རྒྱ་ནག་གཞུང་གིས་བཀག་སྐྱིལ་ཁང་དེ་འདྲ་ཞིག་ཤིན་ཅང་ནང་གཏན་ནས་མེད་ལུགས་བརྗོད་ཡོད་པ་དང་། ཕྱིས་སུ་དེ་ཚོ་བཀག་སྐྱིལ་ཁང་མིན་པར་སྦྱོང་བརྡར་ར་བ་རེ་ཡིན་སྐོར་བཤད་དེ་ངོས་ལེན་བྱས་མེད་པ་རེད། 

ཆེད་ལས་ཞིབ་འཇུག་པ་སྐུ་ཞབས་ཨེ་ཌི་རེན་རྫན་ལགས་ཀྱི་ཞིབ་འཇུག་སྙན་ཐོ་ལྟར་ན། བཙན་བཀོལ་ངལ་སྩོལ་སྒྱུར་བཀོད་ཁང་དེ་ཆེད་དུ་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་དམིགས་པ་ཞིག་དང་། དེའི་ནང་རྒྱ་ནག་གིས་བཙན་གྱིས་བོད་རིགས་མི་མང་གི་ལྟ་བ་དང་བསམ་བློ་བཅོས་སྒྱུར། དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་བརྩི་སྲུང་། དེ་བཞིན་རྒྱ་སྐད་རྒྱ་ཡིག་སྦྱང་དགོས་པ་དང་སྒྱུར་བཀོད་ཁང་གི་བཟོ་བཀོད་རྒྱ་ནག་དམག་སྒར་གྱི་བཟོ་སྟངས་དང་དེའི་ཕྱི་ནང་ཀུན་ལ་གསང་བའི་བརྙན་ཆས་བཙུགས་ཏེ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། གོང་རིམ་གྱི་བཀའ་ལ་བརྩི་སྲུང་མི་བྱེད་མཁན་དང་ངལ་སྩོལ་སྒྱུར་བཀོད་ཀྱི་ལས་དོན་མི་སྒྲུབ་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད་འདུག

སྐུ་ཞབས་ཨེ་ཌི་རེན་རྫན་ལགས་ཀྱིས། ད་རེས་རྒྱ་ནག་གི་སྲིད་བྱུས་འདི་ནི་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་བྱུང་བའི་རིག་གནས་གསར་བརྗེའི་རྗེས། བོད་རིགས་མི་མང་ཐོག་སྤེལ་བའི་ཆེས་དྲག་གནོན་གྱི་སྲིད་བྱུས་དེ་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་། རོའུ་ཊིར་གསར་ཁང་གིས། རྒྱ་ནག་གི་ས་གནས་སྲིད་བྱུས་ཁག་ཏུ། བོད་ཀྱི་གྲོང་ཚོ་དང་གྲོང་གསེབ་ཁག་ཏུ་གོང་རིམ་མི་སྣ་མངག་གཏོང་གིས། ས་གནས་ཀྱི་ངལ་སྩོལ་གནས་བབ་ལ་ཞིབ་འཇུག་གིས་སློབ་གསོའི་ལས་རིགས་སྣ་མང་སྤེལ་ཏེ་ཏང་ལ་དགའ་ཞེན་བསྐྲུན་ཐབས་བྱེད་བཞིན་ཡོད་པ་མ་ཟད། ད་རེས་སྙན་ཐོའི་ནང་བོད་ནང་གི་སློབ་གསོ་སྒྱུར་བཀོད་ཁང་དུ་ཤིན་ཅང་དང་གཅིག་མཚུངས་ཀྱིས། མི་མང་ལ་གཞས་དང་ཞབས་བྲོ། རི་མོ་སོགས་ཀྱི་ལམ་ནས་རྒྱ་སྐད་རྒྱ་ཡིག་དང་ཏང་ལ་དགའ་ཞེན་སྤེལ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག  

 ཐེངས་འདིའི་ཞིབ་འཇུག་སྙན་ཐོ་དེར། རྒྱ་ནག་གི་བྱ་སྤྱོད་ཐོག་ལངས་ཕྱོགས་འཛིན་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་ནང་བཙན་བཀོལ་ངལ་སྩོལ་སྒྱུར་བཀོད་ཁང་བཙུགས་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་བསྟན་ཡོད་ལ། དེ་སྔ་རྒྱ་ནག་གིས་ཤིན་ཅང་ནང་སློབ་གསོ་སྒྱུར་བཀོད་ཁང་བཙུགས་ཏེ་ཡུ་གུར་མི་མང་ས་ཡ་གཅིག་ལྷག་ལ་བཙན་གྱིས་བཅོས་སྒྱུར་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་པའི་ཐོག་དྲག་གནོན་བྱས་པ་སོགས་ཀྱི་ཐད། རྒྱ་ནག་ལ་རྒྱལ་སྤྱིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་བབ་འོག་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད། ཐེངས་འདིའི་ཞིབ་འཇུག་སྙན་ཐོ་དེར་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་མཉམ་གནས་འགན་འཛིན་དང་ཨོ་གླིང་གྲོས་ཚོགས་འཐུས་མི་ཨན་ཌི་རའོ་(Andrew Hastie)ལགས་དང་ཀིམ་བྷར་ལེ་(Kimberley Kitching)ལགས་གཉིས་ཀྱིས། སྐུ་ཞབས་ཨེ་ཌི་རེན་རྫན་ལགས་ཀྱི་ཞིབ་འཇུག་སྙན་ཐོ་དེས་རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་ཐོག་སྤེལ་བའི་སྲིད་བྱུས་དེ་བཞིན་བོད་ནང་ཡོང་གི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཤིན་ཅང་ལྟར་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་བོད་ནང་བཙན་བཀོལ་ངལ་སྩོལ་སྒྱུར་བཀོད་ཁང་བཙུགས་པ་དེས་དཀའ་ངལ་བཟོ་ཡི་ཡོད། ཅེས་མཉམ་འབྲེལ་སྒྲོག་གཏམ་སྤེལ་ཡོད་པ་རེད།

 དེ་བཞིན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཌོན་ཁན་སི་མེ་ཐི་ (Iain Duncan Smith) ལགས་ཀྱིས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་རྣམ་པས། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུའི་ཐག་གཅོད་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པའི་ནན་སྐུལ་དང་། ཡུ་རོབ་རྒྱལ་ཁབ་ནེའུ་རྫི་ལན་ཌི་དང་ནེའུ་ཐི་ལན་ཌི། དབྱིན་ཡུལ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་ལ་དམ་དྲགས་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་པར་ཐེ་ཚོམ་བྱེད་དགོས་པའི་དྲི་གཞི་བཏོན་གནང་ཡོད་པ་རེད།

  ཡང་ཨོ་གླིང་རྐང་སྤོལ་རུ་ཁག་གི་རུ་དཔོན་དང་ཊོ་རན་སི(Torrens)་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཧྥོ་སི་ཊར་ (Craig Foster) ལགས་ཀྱིས། རྒྱ་ནག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པ་དང་གཞུང་གི་སྒྲིག་ཁྲིམས་ལ་མི་དགའ་མཁན་མི་དམངས་མང་པོ་ཡོད་པས། རྒྱ་ནག་ནང་རྒྱལ་སྤྱིའི་རྩེད་འགྲན་ཆེན་པོ་འདི་འདྲ་ཞིག་འཚོག་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད། གལ་སྲིད་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོགས་པ་ཡིན་ན། རྒྱ་ནག་ནང་རྡོག་རོལ་ཐེབས་བཞིན་པའི་འགན་ཚང་མ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་ནས་འཁུར་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཨོ་གླིང་གྲོས་ཚོགས་འཐུས་མི་ཌེ་ཝི་ཤར་མཱ་ (Dave Sharma) ལགས་ཀྱིས། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་གི་སོ་སོའི་ཆེ་མཐོང་བརླག་འདོད་མེད་སྟབས། མི་འགྱང་བར་ཁོ་ཚོས་དེ་སྔོན་མོས་མཐུན་བྱེད་མྱོང་མེད་པའི་གནད་དོན་མང་པོ་ཞིག་ལ་མོས་མཐུན་བྱེད་དགོས་འཁེལ་གྱི་ཡོད། ཅེས་བརྗོད་ཡོད་པ་རེད།

 ཞིབ་འཇུག་སྙན་ཐོ་དང་འབྲེལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པས། དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞུ་ཡིག་ཅིག་བཏོན་ཏེ། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་རྒྱ་ནག་ཐོག་སྔར་ལྷག་གིས་ལངས་ཕྱོགས་འཛིན་དགོས་སྐོར་བརྗོད་པའི་ནང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་ལས་བྱེད་རྣམས་ལ་ཉེས་ཆད་གཅོད་དགོས་པ་དང་། རྒྱ་ནག་དང་ལྷན་དུ་བོད་དང་ས་ཁུལ་གཞན་ནས་བཙན་དབང་ངལ་སྩོལ་གྱི་འོག་ནས་ཐོན་སྐྱེད་བྱས་པའི་ཚོང་འབྲེལ་རིགས་མཚམས་འཇོག་བྱེད་པ་དང་། དེ་བཞིན། བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཡོང་བར་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པ་རྒྱ་ནག་གཞུང་ལ་ནན་སྐུལ་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཞིག་བསྐོ་བཞག་གིས། རྒྱ་ནག་ནང་བཙན་བཀོལ་ངལ་སྩོལ་དང་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་གཏོང་གི་ཡོད་པར་ཞིབ་འཇུག་བྱེད་དགོས་སྐོར་བརྗོད་འདུག

 ཉེ་བའི་ལོ་ཤས་ནང་བོད་དང་ཤིན་ཅང་གཉིས་ནི་རྒྱ་ནག་གི་སྤྱི་ཚོགས་བརྟན་རླིང་ཟེར་བའི་སྲིད་བྱུས་ཀྱི་དམིགས་འབེན་ལྟེ་བར་བཟུང་སྟེ། རང་དབང་དང་ཐོབ་ཐང་རྩད་དེ་གཞུང་ལ་སྐད་འབོད་དང་ངོ་རྒོལ་བྱེད་མཁན་རྣམས་ཀྱི་མགོ་གནོན་ཅི་ཐུབ་བྱས་ཡོད་པ་མ་ཟད། ཤིན་ཅང་དང་བོད་ནང་གི་བོད་མི་ཚོའི་རྒྱ་ནག་ནང་ལོགས་དང་ཕྱི་ལོགས་སོགས་ཀྱི་འགྲོ་འདུག་རང་དབང་ལ་བཀག་རྒྱ་བཟོས་པ་དང་ཆོས་ལུགས་རང་དབང་ཐོག་དམ་དྲགས་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་རེད།

 རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་Inter-Parliamentary Alliance on China (IPAC)ནི་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་གསར་འཛུགས་གནང་ཞིང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཞིག་ཡིན་ལ། ཚོགས་ཁོངས་སུ་ཨ་རི་དང་ཡུ་རོབ། ཨེ་ཤ་ཡ་སོགས་ཀྱི་རྒྱལ་ཁབ་དང་མཐུན་ཚོགས་ཁྱོན་ ༡༢ ཀྱི་གྲོས་ཚོགས་འཐུས་མི་ ༢༤་ཡིས་གྲུབ་ཡོད་འདུག་ལ། ཚོགས་པ་གསར་འཛུགས་བྱུང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་བར་འཚམས་འདྲི་གནང་བ་དང་སྦྲགས།  རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་བ་དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་བཏང་བའི་བྱ་སྤྱོད་ལ་འགན་འཁུར་དགོས་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གནོད་སྐྱོན་བཏང་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། སླར་གསོ་བྱ་རྒྱུའི་གོམ་སྟབས་གལ་ཆེ་ཞིག་རེད། རྒྱ་དམར་གཞུང་གི་འོག་སྡུག་པོ་མྱངས་དང་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གཞུང་ནས་དྲང་གཞག་དང་། ཕྱི་གསལ་ནང་གསལ་ཡོང་རྒྱུར་ཚོགས་པ་དེས་ཁྱད་པར་ཆེན་པོ་བཟོ་རྒྱུའི་རེ་བ་ཡོད། ཅེས་གསུངས་ཡོད་པ་རེད།རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་ཟེར་བ་དེ་ཕྱི་ལོ་ ༡༩༥༧ ཙམ་ནས་མགོ་བཙུགས་ཡོད་པ་དང་།  བོད་ཁུལ་ཡོངས་སུ་ལམ་ལུགས་དེ་གདུག་རྩུབ་ཆེན་པོས་ལག་བསྟར་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིན་གཞུང་གིས་བསྒྱུར་བཅོས་ཆེན་མོ་བཞི་ཞེས་པའི་ཁོངས་སུ་བཞག་ནས་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་མེད་པ་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད། འོན་ཀྱང་། སྐབས་དེར་བོད་ཁུལ་དུ་བསྒྲགས་པའི་གནས་ཚུལ་ཁག་གི་ནང་ངལ་རྩོལ་བསྒྱུར་བཀོད་ལ་ལེགས་བཅོས་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོད་ཁང་ཟེར་བ་དེ་ནི་ཁྲིམས་ར་བསྡུས་ཏེ་ཁྲིམས་བཤེར་འདྲི་རྩད་སོགས་གང་ཡང་མི་དགོས་པར་ཉེན་རྟོག་ཁང་ནས་ཐད་ཀར་ཐག་གཅོད་བྱས་ཏེ་ངལ་རྩོལ་སྒྱུར་བཀོད་ཁང་ལ་བཙན་གྱིས་འཇུག་གི་ཡོད་པ་མ་ཟད། སྒྱུར་བཀོད་ཁང་དེར་རིང་ན་དུས་ཡུན་ལོ་ ༤ ནང་རང་དབང་ཆ་ཚང་འཕྲོག་པ་མ་ཟད། བཙན་གྱིས་ངལ་རྩོལ་དུ་བཀོལ་བ་དང་། ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་བསྒྱུར་ཏེ་དམར་ཤོག་གཞུང་ལ་བློ་དཀར་གཞུང་དྲང་དགོས་པའི་བཙན་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། གདུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་པ་དཔེར་ན། གློག་རྒྱུག་དང་སེང་གེ་རྐུབ་བཀྱག གཤིན་པོའི་ཉལ་ཁྲི་ཟེར་བ་སོགས་ཡ་ང་བའི་མནར་གཅོད་གཏོང་སྟངས་མང་པོ་བེད་སྤྱོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༤

Leave a Reply