ཤིན་ཅང་ཁུལ་དུ་བཀག་སྐྱིལ་ཁང་ ༣༨༠ ལྷག་འཛུགས་བསྐྲུན་བྱས།

རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་བཀག་སྐྱིལ་ཁང་རྣམས་རིམ་གྱིས་སྒོ་བརྒྱབ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་མུ་མཐུད་དུ་བཀག་སྐྱིལ་ཁང་ ༡༤ ལྷག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་རིང་དབྱིན་ཡུལ་གྱི་གྷར་ཌིན་གསར་ཁང་ (The Guardian) གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་གླིང་དུ་རྟེན་གཞི་བྱས་པའི་ཨོ་གླིང་གི་འཐབ་བྱུས་ལྟེ་གནས་ཁང་(ASPI) གིས་འཁོར་སྐར་བརྒྱུད་བླངས་པའི་པར་རིས་དང་། གཞུང་འབྲེལ་ཡིག་ཆ། དེ་བཞིན་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་ཡུ་གུར་རྣམས་ཀྱི་དངོས་བྱུང་མྱོང་བ་ཁག་ལ་གཞིར་བཟུང་སྟེ་ཞིབ་འཇུག་གྲུབ་དོན་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་འདུས་སྡོད་ཆེ་སའི་ཤིན་ཅང་ཁུལ་དུ་ད་བར་ཉུང་མཐར་བཀག་སྐྱིལ་ཁང་ཆེ་ཆུང་མི་འདྲ་བ་ ༣༨༠ ལྷག་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། བཀག་སྐྱིལ་ཁང་དེ་དག་གི་བཀོད་པ་དང་རྒྱ་ཁྱོན། ས་གནས་བཅས་ཀྱང་ཤེས་རྟོགས་ཐུབ་ཡོད་འདུག འདས་ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྦྱོང་བརྡར་ཁང་དུ་འབོད་པའི་བཀག་སྐྱིལ་ཁང་གི་ལས་གཞི་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ད་བར་བཀག་སྐྱིལ་ཁང་ ༨ ལྷག་སྒོ་བརྒྱབ་ཟིན་ནའང་། བཀག་སྐྱིལ་ཁང་གསར་པ་ ༡༤ ལྷག་འཛུགས་སྐྲུན་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག

ཨོ་གླིང་གི་ཞིབ་འཇུག་ཁང་དེའི་ཉམས་ཞིབ་པ་ན་ཐན་རུ་སར་ (Nathan Ruser) ཞེས་པ་ཞིག་གིས། ད་ཐེངས་ལག་སོན་བྱུང་བའི་དཔང་རྟགས་འདི་དག་གིས་ག་རེ་མཚོན་གྱི་ཡོད་ཟེར་ན། རྒྱ་ནག་གི་དཔོན་རིགས་ཚོས་བཀག་སྐྱིལ་ཁང་དེ་དག་ནང་བཀག་ཉར་བྱས་པའི་མི་རྣམས་རིམ་པས་སློབ་མཐར་ཕྱིན་ཡོད་སྐོར་བཤད་ཡོད་མིན་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་མུ་མཐུད་བཀག་སྐྱིལ་ཁང་གསར་པ་འཛུགས་སྐྲུན་ཆེད་མ་དངུལ་བཏང་ཡོད་པ་མཚོན་གྱི་ཡོད། ཅེས་བརྗོད་འདུག

དེ་བཞིན་ཁུལ་དེའི་བཀག་སྐྱིལ་ཁང་ཆེ་ཤོས་ཏ་པན་ཁྲེང་ (Dabancheng) ཟེར་བ་དེ་ཤིན་ཅང་རང་སྐྱོང་ལྗོངས་ཟེར་བའི་རྒྱལ་ས་ཡུ་རུམ་ཆིའི་ (Urumqi) འདབས་རོལ་དུ་ཆགས་ཡོད་ཅིང་། འདས་ལོར་བཀག་སྐྱིལ་ཁང་དེར་འཛུགས་སྐྲུན་འཕར་མ་བྱས་ཏེ་ད་ལྟའི་ཆར་སྤྱི་ལེ་ ༡ ལྷག་གི་མཐའ་ལ་ཐུག་ཡོད་པ་དང་། བཀག་སྐྱིལ་ཁང་དེའི་ནང་ཁྱོན་ཁང་རྩེག་ ༡༠༠ མ་ཟིན་ཙམ་ཞིག་ཡོད་འདུག གཞན་ཡང་ཤིན་ཅང་གི་ནུབ་དར་ལམ་ (Silk Road) ཡོད་པའི་གྲོང་ཁྱེར་ཀ་ཤི་གྷར་ (Kashgar) དུ་འཛུགས་སྐྲུན་བྱས་པའི་བཀག་སྐྱིལ་ཁང་ཞིག་འདི་ལོའི་ཕྱི་ཟླ་ ༡ ནང་སྒོ་ཕྱེས་ཡོད་པ་ཅིང་། བཀག་སྐྱིལ་ཁང་དེར་རྒྱ་ཁྱོན་ཨེ་ཀར་ ༦༠ ལྷག་དང་། ཐོག་རྩེག་ལྔ་ཅན་གྱི་ཁང་པ་ ༡༣། སྨི་ ༡༤ ལྷག་གི་མཐོ་ཚད་ཡོད་པའི་རྩིག་གྱང་དང་མཁར་རྫོང་བཅས་ཡོད་འདུག

གཞན་ཡང་། ཞིབ་འཇུག་གྲུབ་དོན་ནང་། ཉེ་བའི་ཆར་བཀག་སྐྱིལ་ཁང་ ༧༠ ལྷག་གི་རྩིག་གྱང་དམའ་རུ་བཏང་སྟེ་དོ་དམ་ཉེན་སྲུང་ལྷོད་དུ་བཏང་ཡོད་ནའང་། བཀག་སྐྱིལ་ཁང་གཞན་ ༦༠ ལྷག་གི་ཉེན་སྲུང་མ་ལག་དོ་དམ་དུ་བཏང་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་བསམ་བློ་བཅོས་བསྒྱུར་ཁྲོད་འདོད་བློ་ཁེངས་པའི་འབྲས་བུ་འདོན་མི་ཐུབ་མཁན་ཚོ་ཉེན་རྟོག་དང་དྲག་གནོན་ཆེ་བའི་བཙོན་ཁང་དུ་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་དང་མཐུན་གྱི་ཡོད་སྐོར་བཀོད་ཡོད་འདུག་ལ། བཀག་སྐྱིལ་ཁང་ཕལ་ཆེ་བ་བཟོ་གྲྭ་དང་ཐག་ཉེར་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། ཕྱིའི་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་འབྱོར་བའི་བཀག་སྐྱིལ་ཁང་གི་བཙོན་ཟུར་ཚོས་འགྲེལ་བརྗོད་བྱེད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་བཀག་སྐྱིལ་ཁང་གི་བཙོན་པ་རྣམས་བཙན་གྱིས་རྒྱ་ནག་གི་བཟོ་གྲྭ་ཆེ་ཁག་ཏུ་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་ཁ་མཚོན་གཅོད་ཐུབ་སྐོར་བཀོད་ཡོད་འདུགའདས་པའི་ལོ་ཤས་རིང་ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་དང་། ཨ་རི་གཙོས་པའི་ནུབ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན། རྒྱ་ནག་གིས་རིམ་པས་བཀག་སྐྱིལ་ཁང་དེ་དག་སྦྱོང་བརྡར་ཁང་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་ནའང་། རྒྱལ་སྤྱིའི་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་རང་དབང་ཐོག་ཡུལ་དངོས་སུ་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་ཀྱི་མེད་པ་རེད་ལ། ཞིབ་འཇུག་ཁང་དང་ཚོགས་སྡེ་ཁག་གིས་བཀག་སྐྱིལ་ཁང་དེ་དག་ནང་ཁྱོན་ཡུ་གུར་གཙོས་པའི་ཁུལ་དེའི་ཁ་ཆེ་མི་རིགས་ས་ཡ་ ༡ ལྷག་བཀག་ཉར་བྱས་ཡོད་སྐོར་རྗོད་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཤིན་ཅང་སྐོར་གྱི་རྒྱབ་ཤ་དཀར་པོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་ཁྱོན་ལས་མི་ས་ཡ་ ༡།༢༩ ལྷག་ལ་ལས་ཀའི་སྦྱོང་བརྡར་སྤྲད་ཡོད་པ་དང་། དེ་ནི་ཤིན་ཅང་ཁུལ་དུ་ལས་ཞུགས་མཐུན་རྐྱེན་བསྐྲུན་ཏེ་དབུལ་གྲོལ་བྱ་ཆེད་ཡིན་སྐོར་བཀོད་ཡོད་པ་རེད།

དེར་བསྟུན་འདས་པའི་ཟླ་ཤས་རིང་ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་བཅད་ཡོད་ཅིང་། ཉེ་ཆར་ཨ་རིའི་གཞུང་གིས་ཤིན་ཅང་ཁུལ་ནས་སྲིན་བལ་དང་། རས་ཆ། སྐྲ་དང་སྐྲའི་མཁོ་ཆས། གློག་ཀླད་ཀྱི་མ་ལག་བཅས་ནང་འདྲེན་བྱེད་པར་བཀག་སྡོམ་གྱི་འཛིན་སྐྱོང་བཀའ་རྒྱ་བསྒྲགས་ཡོད་པ་རེད། དེར་མཚུངས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཤིན་ཅང་གི་དངོས་ཟོག་ཨ་རིར་ནང་འདྲེན་བྱེད་མཚམས་འཇོག་དགོས་པའི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་བྱས་ཏེ་གྲོས་ཚོགས་གོང་མར་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༢༤

Leave a Reply