ཧོང་ཀོང་གི་ལས་འགུལ་སྣེ་འཁྲིད་པ་ཇོ་ཧྲ་ཝང་བསྐྱར་དུ་འཛིན་བཟུང་བྱས།

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་ཝང་གིས་གདོང་ཁེབས་གྱོན་ཏེ་སྒྲིག་ཁྲིམས་དང་འགལ་བ་དང་མི་མང་འདུ་འཛོམས་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཧོང་ཀོང་གི་ཉི་གདུགས་གསར་བརྗེ་དང་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་ཝང་ལགས། འདས་ལོར་ཁྲིམས་འགལ་ཐོག་མི་མང་འདུ་འཛོམས་ནང་ཞུགས་པའི་ཉེས་མིང་འོག ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་བྱས་རྐྱེན་འདས་པའི་ལོ་ཤས་ནང་ཉུང་མཐར་ཐེངས་གསུམ་ལ་འཛིན་བཟུང་བྱས་ཡོད་པ་རེད།

ཧོང་ཀོང་ཉེན་རྟོག་པས། ཇོ་ཧྲ་ཝང་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་གདོང་ཁེབས་སམ་ཁ་རས་གྱོན་མི་ཆོག་པའི་སྒྲིག་ཁྲིམས་དང་འགལ་བ་མ་ཟད། གོང་རིམ་གྱི་ཆོག་མཆན་མེད་པར་མི་མང་འདུ་འཛོམས་ནང་ཞུགས་ཡོད་སྐོར་གྱི་ནག་ཉེས་བཙུགས་བརྗོད་ཡོད་པ་དང་། ད་རེས་ཇོ་ཧྲ་ཝང་དང་ལྷན་དུ། ལས་འགུལ་བ་ཀོ་སྰེ་ཡེ་ (Koo Sze-yiu) ལགས་དང་། གཞན་ཡང་ལོ་ ༢༣ ཅན་དང་ ༧༤ ཡིན་པ་གཉིས་ཀྱང་ཁྲིམས་འགལ་འདུ་འཛོམས་ནང་ཞུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཧོང་ཀོང་ཉེན་རྟོག་པས་འདས་ལོའི་ཕྱི་ཟླ་ ༡༡ ནང་གི་མི་མང་འདུ་འཛོམས་དེ་གཞུང་གི་ཆོག་མཆན་མེད་པའི་འདུ་འཛོམས་ཤིག་ཡིན་སྐོར་དང་། འདས་ལོར་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་སོགས་སྲིད་བྱུས་རིམ་པ་སྤེལ་སྐབས། ཧོང་ཀོང་མི་མང་གིས་བསྟུན་མར་སྲིད་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ཧོང་ཀོང་སྲིད་གཞུང་གིས་ལས་འགུལ་ནང་ཞུགས་མཁན་རྣམས་ངོ་ཟིན་སླད། ཁ་རས་གྱོན་མི་ཆོག་པའི་ཁྲིམས་གསར་ཞིག་ཀྱང་བཟོས་ཡོད་པ་རེད།

ད་རེས་ཇོ་ཧྲ་ཝང་འདས་ལོའི་དམངས་གཙོའི་ལས་འགུལ་གཞན་ཞིག་གི་ཉེས་དོན་སླད་ཉེན་རྟོག་ཁང་དུ་ཕྱིན་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ཇོ་ཧྲ་ཝང་གཙོས་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་མང་པོ་ཞིག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བའི་འོག་ཧོང་ཀོང་ནང་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ནས་ཧོང་ཀོང་ནང་བདེ་འཇགས་ཁྲིམས་གསར་ཟེར་བ་དེ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་མང་པོ་ཐའེ་ཝན་དང་ཡུ་རོབ། ཨོ་གླིང་སོགས་སུ་བྲོས་བྱོལ་དུ་འགྲོ་མགོ་བརྩམས་ཡོད་པ་རེད།

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་པ་ནས་ད་བར་ཧོང་ཀོང་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བ་ཁྱོན་ ༣༧༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གསར་ལག་བསྟར་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༠ ལོའི་རང་དབང་གཟེངས་རྟགས་དེ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ལ་སྤྲད་ཡོད་པ་རེད།

དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལགས་ནི་ཉེ་ཆར་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་གྱི་རྐྱེན་གྱིས་སྒོ་བརྒྱབ་པའི་ཌེ་མོ་སིས་ཊོ་ (Demosisto) ཞེས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོང་ཧོང་ཀོང་གི་སློབ་མའི་ལས་འགུལ་ཁང་ (Scholarism) ཞེས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཡིན་ལ། ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱི་གཞོན་སྐྱེས་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ལོ་དེར་ཨ་རིར་རྟེན་གཞི་བྱས་པའི་ཊའེམ་དུས་དེབ་ (Times Magazine) ཀྱིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་གཞོན་སྐྱེས་ཤུགས་རྐྱེན་ཆེ་ཤོས་གྲས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། ལོ་དེའི་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་འོས་མིར་ཡང་བདམས་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཧྥོར་ཆུན་དུས་དེབ་ (Fortune Magazine) ཀྱིས་ཁོང་འཛམ་གླིང་གི་རླབས་ཆེན་མགོ་འཁྲིད་(World’s Grestest Leaders) གྲས་སུ་ངོས་འཛིན་བྱས་ཡོད། ཁོང་དམངས་གཙོའི་གཞུང་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་ཐེངས་གཉིས་བསྟུད་མར་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༤

Leave a Reply