རྒྱ་མི་ལའོ་སང་བརྒྱུད་བོད་པའི་དགེ་འདུན་པ་ཁག་ཅིག་ལ་དངུལ་འབོར་ཆེན་འབྱོར་བ་དེར་རྒྱ་གར་དབུས་གཞུང་གིས་མུ་མཐུད་འདྲི་ཞིབ་བྱེད་བཞིན་པ་རེད།

རྒྱ་གར་དབུས་གཞུང་གིས་འབྲས་སྤུངས་བློ་གསལ་གླིང་དང་སེར་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་ལ་འདྲི་ཞིབ་བྱེད་བཞིན་ཡོད་པ་དང་གྲྭ་ཚང་གཉིས་ཀྱི་ཕྱག་མཛོད་རྣམ་གཉིས་ནས་འདི་གའི་གསར་འགོད་པར་དགེ་འདུན་པ་དེ་ཚོར་ནག་ཉེས་རིགས་མེད་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་བྱུང་།ཁ་སང་ཕྱི་ཚེས་ ༢༣ ཉིན། རྒྱ་གར་སི་ཨན་ཨན་གསར་འགྱུར་ཁང་(CNN-News18)དང་ལྷོ་ཕྱོགས་མེ་སོར་གྱི་དེ་རིང་གི་གྲོང་ཁྱེར(CityToday)སོགས་ཀྱིས།  རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ ༢ དང་། སེར་སྨད་གྲྭ་ཚང་གི་དགེ་འདུན་པ་ ༥ ། དེ་བཞིན་པན་མིན་མིན་ཞེས་པའི་བོད་པའི་དགེ་འདུན་པ་གཅིག་བཅས་སུ། རྒྱ་ནག་གི་གསང་མྱུལ་བ་ལའོ་སང་ཟེར་བ་དེས་༧གོང་ས་མཆོག་གི་སྐོར་སོགས་ཀྱི་གནས་ཚུལ་བསྡུ་ལེན་ཆེད་ཧིན་སྒོར་འབུམ་ ༡༠ ནས་ ༣༠ ཡས་མས་བར་གྱི་ལྐོག་དངུལ་སྤྲད་ཡོད་པའི་གནས་ཚུལ་བསྐྱར་དུ་བསྒྲགས་སོང་བ་ལྟར། དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་བློ་གསལ་གླིང་དང་། སེར་སྨད་གྲྭ་ཚང་གི་ཕྱག་མཛོད་རྣམ་གཉིས་ལ་གནས་ཚུལ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་རྣམ་གཉིས་ཀྱིས། ད་ལྟའི་ཆར་རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱེད་བཞིན་པ་ཡིན་ལ། ནག་ཉེས་རིགས་མེད་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་། གལ་སྲིད་ནག་ཉེས་ར་འཕྲོད་བྱུང་ན། ང་ཚོ་ཚང་མར་འགན་ཡོད་པ་ལྟར་མུ་མཐུད་རྩད་གཅོད་གཟབ་ནན་བྱས་ཏེ་ཐག་གཅོད་ནན་པོ་བྱེད་དགོས་སྐོར་གསུངས་བྱུང་།

དེ་ཡང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་བློ་ལྡན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། གནས་ཚུལ་དེ་ཕྱི་ཟླ་ ༨ ཚེས་ ༢༢ ལ་རྒྱ་གར་སི་ཨན་ཨན་གསར་ཁང་ ༡༨ པས་སྤེལ་ཡོད་པ་དང་། གནས་ཚུལ་དེ་ཐོས་པ་དང་དགོན་པའི་ངོས་ནས་དོ་བདག་སོ་སོར་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ་ངོ་དེབ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། ཞིབ་འཇུག་བྱེད་སྐབས་དོ་བདག་དེ་དག་ལ་བོད་ནས་ཕ་མ་སྤུན་མཆེད་ཚོས་མཆོད་འབུལ་དང་དགེ་བཤེས་གཏོང་བ་སོགས་ཀྱི་ཆེད་ཁུག་དམར་བཏང་བ་ཆགས་ཡོད་པ་ལས། གྲྭ་པ་ཚང་མ་ཆཱར་ལེ་ཕན་དང་ཐད་ཀར་འབྲེལ་བ་མེད་པ་མ་ཟད་མི་དེ་སུ་ཡིན་སོགས་ངོ་ཡང་ཤེས་ཀྱི་མེད་སྐོར་གསུངས་བྱུང་།

གསར་འགོད་པས་དངུལ་འབོར་ཆེན་འབྱོར་ཡོད་པའི་དགེ་འདུན་པ་དེ་ཚོར་ཞིབ་འཇུག་མཐར་ཕྱིན་པ་བྱེད་མཁན་གྲྭ་ཚང་ཡིན་ནམ། ཡང་ན་རྒྱ་གར་ཉེན་རྟོག་པ་ཡིན་པ་དང་། མ་འོངས་པར་བློ་གསལ་གླིང་གྲྭ་ཚང་ནང་གསང་མྱུལ་དང་འབྲེལ་བའི་ནག་ཉེས་རིགས་ར་འཕྲོད་བྱུང་བ་ཡིན་ན། གྲྭ་ཚང་གི་ངོས་ནས་ག་རེ་གནང་འཆར་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། གྲྭ་ཚང་གི་ངོས་ནས་གྲྭ་བ་ཚོར་ཞིབ་འཇུག་བྱེད་སྐབས། ཁོང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭར་གནོད་པ་དང་རྒྱབ་འགལ་མི་བྱེད་པ་དང་། ལྷག་པར་དུ་མ་འོངས་པར་ཡང་སྲིད་ཀྱི་སྐོར་ནས་༧རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་བསྒྲུབས་ལས་རྒྱ་ནག་ཕྱོགས་སུ་ལངས་རྒྱུའི་རིགས་རྩ་བ་ཉིད་ནས་མིན་སྐོར་བརྗོད་བྱུང་། གང་ལྟར་གནས་ཚུལ་ག་རེ་ཡིན་པ་རྒྱ་གར་གཞུང་གི་ཚན་པ་མང་པོ་ཞིག་གིས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ང་ཚོའི་ངོས་ནས་དེ་འདྲ་མིན་པའི་བདེན་མཐའ་གསལ་ཡོང་རྒྱུར་སྒུག་ནས་ཡོད་ལ། གལ་ཏེ་མི་སྣ་དེ་འདྲ་ཡོད་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭ་ལ་གནོད་པ་དང་། བོད་མིའི་ཆིག་སྒྲིལ་ལ་གནོད་པའི་ལས་རིགས་བྱས་ཡོད་ན་མུ་མཐུད་རྩད་གཅོད་ནན་པོ་བྱས་ཏེ་ཐེར་འདོན་བྱ་དགོས་པ་མ་ཟད། དེ་རིགས་ང་ཚོ་ཚང་མར་ལས་འགན་ཡོད་པ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

གཞན་ཡང་། འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་འཇམ་དབྱངས་བསོད་ནམས་ལགས་སུ། སེར་སྨད་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་རྒྱ་མི་ལའོ་སང་དང་དངུལ་འབྲེལ་ཡོད་པའི་གནས་ཚུལ་དེ་དངོས་བདེན་ཡིན་མིན་དྲིས་པར་ཁོང་གིས། རྒྱ་གར་གཞུང་གིས་མིང་འདོན་གནང་བའི་གྲྭ་པ་དེ་ཚོ་གྲྭ་ཚང་འདིའི་ནང་ཡོད་པ་དང། ཁོང་ཚོར་དངུལ་བསྐུར་ཡོད་པ་དངོས་ཡོད་ཡིན་ཡང་། དངུལ་ག་ཚོད་ཅིག་འབྱོར་ཡོད་མེད་ངས་གསལ་པོ་ཤེས་མ་སོང་།  གྲྭ་པ་དེ་དག་མང་ཆེ་བ་བོད་ནས་ཡིན་སྟབས་ཕ་མ་སྤུན་མཆེད་ཚོས་དངུལ་བསྐུར་བ་རྒྱ་མི་དེ་བརྒྱུད་ནས་འབྱོར་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་གིས་གྲྭ་པ་དེ་དག་ལ་བོད་ནས་དངུལ་བསྐུར་བ་ཡིན་པའི་སྐོར་སྐད་ཆ་དྲིས་ནས་དཔང་རྟགས་དང་བཅས་པ་གསལ་བཤད་བྱས་ཏེ་ལྡི་ལིར་བསྐུར་ཚར་བ་རེད། རྒྱ་གར་གསར་ཁང་ཁག་ནང་རྒྱ་ནག་གི་དངུལ་ཟས་འདུག་ཅེས་ཆེན་པོ་བཤད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཞིབ་བཤེར་རེ་རེ་འགྲོ་བཞིན་ཡོད་སྟབས། གྲྭ་ཚང་གི་ངོས་ནས་དམིགས་བསལ་རེད་དང་མ་རེད་ཅེས་མཐའ་གཅིག་ཏུ་བཤད་ཁག་པོ་ཆགས་འདུག ཅེས་གསུངས་བྱུང་།

ནག་ཉེས་རིགས་ར་འཕྲོད་བྱུང་ཚེ་གྲྭ་ཚང་གི་ངོས་ནས་ག་རེ་གནང་འཆར་ཡོད་པའི་སྐོར་ལ་ཁོང་གིས། ད་ལྟའི་ཆར་རྒྱ་གར་བྷེང་ལོར་གྲོང་ཁྱེར་གྱི་དཔོན་པོ་མཐོ་ཤོས་ཤིག་ཡོང་སྟེ་ཞིབ་འཇུག་བྱེད་བཞིན་པ་ཡིན་པ་དང་། ང་ཚོའི་ངོས་ནས་སྤྱི་ཡོངས་ནས་དེ་འདྲ་ཡོང་གི་མ་རེད་བསམ་པའི་རེ་བ་བརྒྱབ་ཡོད་ལ། ལྷག་པར་དུ་མཚན་འདོན་བྱས་ཡོད་པའི་གྲྭ་པ་དེ་དག་ནམ་རྒྱུན་ཡག་པོ་ཡོད་མཁན་དང་དགོན་པར་ལས་གཉེར་ལ་རྒྱུག་བསྡད་མཁན་དེ་འདྲ་ཡིན་ལ། མ་འོངས་པར་རྒྱ་གར་གཞུང་གིས་ཞིབ་བཤེར་བྱས་ཏེ་དངོས་སུ་དེ་འདྲ་ཐོན་པ་ཡིན་ན། ཉེ་སྔོན་གསལ་བསྒྲགས་སྤེལ་བ་བཞིན་དཀར་ན་དཀར་པོ་དང་ནག་ན་ནག་པོ་བཞིན་ཐག་གཅོད་གནང་རྒྱུ་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་བྱུང་།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ། ད་ལྟའི་ཆར་རྒྱ་ནག་གི་གསང་ཉུལ་བས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་བྱས་པའི་གནད་དོན་ཁག་ཅིག་ཡོང་གི་ཡོད་སྟབས། སྲིད་སྤྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་པའི་གནད་འགག་གི་སྐབས་འདིར། བོད་མི་མི་རེ་ངོས་རེ་ནས་ཡིད་གཟབ་ཅི་དགོས་དང་། བདེ་སྲུང་ལས་ཁུངས་ནས་དེའི་ཐད་དམིགས་བསལ་ཐུགས་འགན་ག་འདྲ་བཞེས་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གསང་ཉུལ་གྱི་ལས་དོན་དེ་དག་ཛ་དྲག་པོ་ཞེ་དྲག་རེད། རྒྱ་ནག་གཞུང་གིས་གསང་ཉུལ་གྱི་ལས་ཁུངས་གཙོ་བོ་དེ་འཐབ་ཕྱོགས་གཅིག་གྱུར་ཁང་གཙོ་བོར་གྱུར་བའི་གསང་བའི་ལས་ཁུངས་མང་པོ་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་གཞུང་ཚབ་ཁང་ཁག་ཏུ་ཆེད་མངགས་གཏོང་གི་ཡོད་པ་དང་། ཁོ་ཚོའི་ལས་འགན་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་ཆེ་ཆུང་ག་འདྲ་ཡིན་ཀྱང་འགལ་བ་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆ་ནས་འོས་བསྡུའི་ལས་རིམ་དེ་མགོ་ཚུགས་ཚར་ཡོད་དུས། རྒྱ་ནག་གཞུང་ལ་མཚོན་ན་གོ་སྐབས་ཆེན་པོ་ཞིག་དང་། ང་རང་ཚོར་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་སྟབས། བོད་མི་ཚོས་གནས་སྟངས་འདི་འདྲའི་འོག་གནས་ཚུལ་ག་རེ་ཡིན་ན་ཞིབ་འཇུག་དང་། དངོས་བདེན་མ་ཡིན་པའི་གནས་ཚུལ་རིགས་གང་བྱུང་སྤྱི་ཚོགས་དྲ་ལམ་ཁག་ཏུ་དཀྲམ་རྒྱུ་མེད་པ་རེད། གལ་ཏེ་རྗེས་ཕྱོགས་སྤྱི་ཚོགས་དཀྲུག་གཞིའི་གནས་ཚུལ་དེ་འདྲ་གང་བྱུང་སྤེལ་བ་ཡིན་ན། ང་ཚོའི་ངོས་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་སྦྱར་སྲིད་པ་རེད་ལ། གནད་དོན་དེའི་ཐད་བོད་པའི་སྤྱི་ཚོགས་སྤྱི་ཡོངས་ནས་འགན་འཁུར་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་བྱུང་།

ཡང་འདི་གའི་གསར་འགོད་པས་ལྷོ་ཕྱོགས་བྷེང་ལོར་དང་ཧུབ་ལེ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་གཉིས་ལ་འབྲེལ་བ་བྱས་ཏེ། ད་ལྟའི་ཆར་ཞིབ་བཤེར་གྱི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར། གནད་དོན་དེ་དབུས་གཞུང་གི་གནད་དོན་ཞིག་ཡིན་པས་ཤེས་རྟོགས་མེད་སྐོར་བརྗོད་ཀྱི་འདུག་ལ། སྦེལ་ཀོབ་ས་གནས་གྲོང་སྡེ་ཉེན་རྟོག་པས་དབུས་ཀྱི་གསང་བའི་ལས་ཁུངས་ཀྱི་ཆེད་མངགས་མི་སྣ་ཡོང་སྟེ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ས་གནས་ཉེན་རྟོག་པས་ཁོང་རྣམ་པར་ཐུག་འཕྲད་སོགས་ལ་རམ་འདེགས་ཙམ་ལས། གནས་ཚུལ་དངོས་ལ་ཤེས་རྟོགས་མེད་སྐོར་བརྗོད་བྱུང་།

རྒྱ་ནག་གི་གསང་མྱུལ་བ་ལའོ་སང་དང་དངུལ་གྱི་འབྲེལ་བ་ཡོད་པའི་མིང་འདོན་བྱས་པའི་དགེ་འདུན་པ་རྣམས་ནི། སེ་ར་སྨད་གྲྭ་ཚང་གི་དགེ་འདུན་པ་འཇམ་དབྱངས་སྦྱིན་པ་ལ་ཧིན་སྒོར་འབུམ་ ༣༠ ཙམ་དང་། གྲྭ་ཐུབ་བསྟན་ཆོས་གྲགས་ལ་སྒོར་འབུམ་ ༡༥།  གྲྭ་ཕུན་ཚོགས་དར་རྒྱས་དང་ངག་དབང་བློ་གསལ། བཀྲ་ཤིས་ཆོས་འཕེལ་གསུམ་ལ་ཧིན་སྒོར་འབུམ་ ༡༠ རེ་དང་། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཡིན་པའི་གྲྭ་བསོད་ནམས་རྡོ་རྗེ་ལ་ཧིན་སྒོར་འབུམ་ ༧ དང་།  གྲྭ་བློ་བཟང་རྡོ་རྗེ་ཞེས་པ་ཞིག་ལ་དངུལ་སྤྲད་ཡོད་ཀྱང་གྲངས་ཚད་ཤེས་རྟོགས་བྱུང་མེད་འདུག གཞན། རྒྱ་གར་མམ་བྷེ་ལ་ཡོད་པའི་བོད་པའི་གྲྭ་པ་པན་མིང་མིང་(pan Ming Ming)ཞེས་པ་ཞིག་ལའང་ཧིན་སྒོར་འབུམ་ ༡༠ སྤྲད་ཡོད་པ་དང་།  རྒྱ་གར་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་ཁུལ་གྱི་བླ་མ་དང་གྲྭ་པ་ཁག་ཅིག་ལ་ཡང་དངུལ་འབྲེལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply