ཁ་ན་ཌའི་མངའ་སྡེ་ཞིག་གི་ནང་བོད་ཀྱི་རིག་དངོས་ཟླ་བ་སྲུང་གཙི་གནང་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཐོབ།

ཁ་ན་ཌའི་བོད་རིགས་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་མངའ་སྡེའི་གྲོས་ཚོགས་ནང་ལོ་རེའི་ཕྱི་ཟླ་ ༧ པ་དེ་བོད་ཀྱི་རིག་དངོས་ཟླ་བར་སྲུང་གཙི་ཞུ་དགོས་པའི་གྲོས་འཆར་བཏོན་པར་སྤྱི་མོས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་ཁ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་བོད་རིགས་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས། ལོ་ལྟར་ཕྱི་ཟླ་ ༧ པ་དེ་བོད་ཀྱི་རིག་དངོས་ཟླ་བར་སྲུང་གཙི་ཞུ་དགོས་པའི་གྲོས་འཆར་ (Tibetan Heritage Month Act) ཞིག་བཏོན་པ་དེ། མངའ་སྡེའི་གྲོས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་གནང་སྟེ།  མངའ་སྡེའི་གཞུང་འཛིན་པས་རྒྱབ་སྐྱོར་མཚན་རྟགས་བསྐྱོན་ཆེད་བསྐུར་གནང་ཡོད་འདུག

ཁ་ན་ཌའི་བོད་རིགས་གྲོས་ཚོགས་འཐུས་མི་ཐོག་མ་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་ཁྲིམས་འཆར་དང་འབྲེལ་ཏེ། ཟླ་བ་ ༧ པ་ནི་འཛམ་གླིང་གང་སར་ཁྱབ་པའི་བོད་མི་རྣམས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བའི་ཟླ་བ་ཞིག་ཆགས་ཡོད། བོད་མི་ཚོས་ཕྱི་ཟླ་ ༧ པའི་ཚེས་ ༦ དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དུ་སྲུང་གཙི་ཞུ་ཡི་ཡོད་ལ། ཁོང་ནི་ཆེ་མཐོང་ལྡན་པའི་ཁ་ན་ཌའི་མི་སེར་ཞིག་ཀྱང་ཡིན། བདུན་པའི་ཚེས་དྲུག་ནི་བོད་མིའི་འཐབ་རྩོད་དང་འགོག་རྒོལ་མཚོན་བྱེད་ཅིག་ཡིན། ཞེས་བརྗོད་ཡོད་ཅིང་། ཁ་སང་ཁོང་མོས་སྒེར་གྱི་ཊུ་ཝི་ཊར་དྲ་ལམ་སྟེང་། འདི་ནི་བོད་མིའི་རྒྱལ་ཁ་ཙམ་ཞིག་མིན་པར། སྤྱི་ཚོགས་མཉམ་འདུས་ཀྱི་རྒྱལ་ཁ་ཞིག་ཡིན་ཞིང་། སྣ་མང་རང་བཞིན་ལྡན་པའི་ཨོན་ཊེ་རི་ཡོ་མངའ་སྡེ་འདི་ལྟ་བུའི་ནང་ང་ཚོས་མི་མང་གི་རིག་དངོས་ངོས་འཛིན་བྱེད་ཐབས་འདིས་ཚང་མ་ལ་ཕན་ཐོགས་ཡོད། ཅེས་བརྗོད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༦ ཉིན་བཏོན་པའི་བོད་འབྲེལ་ཁྲིམས་འཆར་འདི་ནི། ཁ་ན་ཌའི་ནང་ཡོད་པའི་བོད་མི་ཚོས་ཕྱོགས་ཡོངས་ནས་ཨོན་ཊེ་རི་ཡོའི་སྤྱི་ཚོགས་ལ་ཕུལ་བའི་ཞབས་ཕྱིའི་རིགས་ལ་ངོས་འཛིན་བྱ་ཆེད་དང་། ཨོན་ཊེ་རི་ཡོའི་མི་རབས་རྗེས་མ་རྣམས་ལ་གོ་རྟོགས་སྤེལ་ཆེད་དང་། གཞན་ཡང་མངའ་སྡེའི་ནང་བོད་དོན་སྐོར་གྱི་གོ་རྟོགས་ཤུགས་ཆེར་གཏོང་ཆེད་བཅས་ཡིན་འདུགཁྲིམས་འཆར་གྱི་ཐོག་མར། བོད་མི་ནི་ཁ་ན་ཌ་གཞུང་གིས་ཡུ་རོབ་མ་ཡིན་པའི་རྒྱལ་ཁབ་ཁག་ནས་བླངས་པའི་སྐྱབས་བཅོལ་བ་ཐོག་མའི་གྲས་ཡིན་པ་དང་། ཁ་ན་ཌའི་མི་མང་དང་༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་གི་རྒྱབ་སྐྱོར་ལ་བརྟེན་ནས། ད་ལྟ་ཁ་ན་ཌའི་ནང་གི་བོད་མིའི་འབོར་དེ་གང་འཚམ་ཡར་འཕར་ཏེ་ཁ་ན་ཌའི་སྣ་མང་རང་བཞིན་ལྡན་པའི་རིག་གཞུང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་དང་། བོད་མི་རྣམས་ཀྱིས་ཁ་ན་ཌའི་དཔལ་འབྱོར་དང་། སྤྱི་ཚོགས། ཆབ་སྲིད་བཅས་ཀྱི་གོང་འཕེལ་ལ་ཤུགས་རྐྱེན་སྦྱིན་ཡོད་པ་མ་ཟད། ལྷག་པར་དུ་བོད་མིའི་འཚེ་མེད་ཞི་བ་དང་བྱམས་བརྩེས་མཚོན་པའི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་ངོ་སྤྲོད་བྱས་ཐུབ་ཡོད། ཅེས་བཀོད་ཡོད་འདུགཁོང་མོའི་གཞུང་འབྲེལ་དྲ་བའི་སྟེང་། ད་ཐེངས་ཀྱི་ཁྲིམས་འཆར་དེར་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བུད་མེད་ལྷན་ཚོགས། ས་གནས་ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ། ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་སྐོར་བཀོད་འདུག

དཀར་པོ་ཆེ་བུ་འཁྲིད་ལགས་ནི་ཁ་ན་ཌའི་གྲོས་ཚོགས་ནང་བདམས་ཐོན་བྱུང་བའི་བོད་མི་ཐོག་མ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པའི་ནང་ཨོན་ཊེ་རི་ཡོའི་མངའ་སྡེ་གྲོས་ཚོགས་ཀྱི་པཱག་ཌེལ་ཧའེ་པཱག་ (Parkdale-High Park) ཁུལ་གྱི་ཁ་ན་ཌའི་དམངས་གཙོ་ཚོགས་པ་གསར་པའི་(New Democratic Party) འཐུས་མིར་བདམས་ཐོན་བྱུང་སྟེ། ཁོང་མོས་ད་བར་ཨོན་ཊོ་རི་ཡོ་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་མང་པོ་གནང་ཡོད་པ་མ་ཟད། མངའ་སྡེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡང་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply

One thought on “ཁ་ན་ཌའི་མངའ་སྡེ་ཞིག་གི་ནང་བོད་ཀྱི་རིག་དངོས་ཟླ་བ་སྲུང་གཙི་གནང་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཐོབ།

  1. བསྟན པ་ལེགས་ཚོགས་

    ༄༄། ང་ཚོའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་ཁྲིད་དཀར་པོ་ཆེ་ལགས་ཁེ་ན་ཌ་རྒྱལ་ཡོངས་ནང་བོད་མི་དང་པོ་ཡིན་པ་མཟད་ དེའི་མཐུ་ལ་རྟེན་ད་བར་མངའ་སྡེའི་གྲོས་ཚོགས་ནངདང་གཞན་ཡང་བོད་ཀྱི་རྩ་དོན་གང་སར་ཕན་པའི་གྲོས་ཚོགས་དང་ཚོགས་སྡེ་མི་མང་བཅས་པར་བོད་དོན་ངོ་འཕྲོད་དང་ དེའི་ཐོག་རྒྱབ་སྐྱོར་བྱུང་བར་ཧ་ཅང་ཕན་ཐོག་ཆེ་པོ་བྱུང་ལར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དེངས་རང་རིགས་མི་ཉུང་ཞིག་འཛམ་གླིང་གི་མང་གཙོའི་རྒླ་ཁབ་ནང་ཕེབས་ཡོད་པ་དང་དེའི་ནང་ཁག་གཅིག་རྒྱལ་ཁབ་དེའི་མི་སེར་ཆགས་པ་ཚོས་དེ་བཞིན་སྲིད་དོན་ཚོགས་པ་སོ་སོའི་ནང་འཛུལ་ཞུགས་ཀྱིས་མངའ་སྡེ་དང་དབུས་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་གནང་ཐུབ་ན་བོད་ཀྱི་རྩ་དོན་ཐོག་ཕན་ཁྱད་ཆེན་པོ་ཞིག་ཡོང་བར་གདོན་མི་ཟ་བས་ཚང་མའི་དགོང་པར་འཇག་པ་ཞུ་
    ཁེ་ན་ཌ་ཨ་ཁྲོ་རི་ཡ་མངའ་སྡེ་ཁྲོ་རང་ཀྲོ་ནས་བསྟན་པ་ལེགས་ཚོགས་ཀྱིས་ཕུལ་།།