གར་སོང་ཆ་མེད་དུ་གྱུར་བའི་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་རྙེད་འདུག

ཝུ་ཧན་གྲོང་ཁྱེར་གྱི་ཛ་དྲག་གནས་སྟངས་ཡུལ་དངོས་ནས་ཕྱིར་བསྒྲགས་བྱེད་མཁན་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་ལགས་རྒྱ་གཞུང་གི་ལྟ་ཞིབ་ནན་པོའི་འོག་བཞག་སྟེ་ཕ་མ་གཉིས་ཀྱི་ལྷན་དུ་ཡོད་འདུགཁ་སང་ཕྱི་ཚེས་ ༢༤ ཉིན་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གནས་ཚུལ་བརྒྱུད་ལམ་དུ་བཀག་སྡོམ་ཤུགས་ཆེན་བྱེད་སྐབས། སྲིད་གཞུང་གི་དབང་ཤུགས་ལ་འཛེམས་ཟོན་མེད་པར་གྲོང་ཁྱེར་དེའི་ནང་གི་གཉན་རིམས་ཀྱི་གནས་སྟངས་དངོས་བརྙན་ལེན་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་ (Chen Qiushi) ད་ལྟ་རྒྱ་ནག་གཞུང་གི་ལྟ་རྟོག་ནན་མོའི་འོག་བཀག་ཉར་བྱས་བསྡད་ཡོད་འདུག

ཁྲིམས་རྩོད་པ་དང་སྤྱི་དམངས་གསར་འགོད་པ་ཁྲིན་ཆུ་ཧྲི་ལགས་ཀྱི་གྲོགས་པོ་ཞུ་ཞའོ་ཏུང་ (Xu Xiaodong) ཞེས་པ་ཞིག་གིས། ད་ལྟ་ཁྲིན་ཆུ་ཧྲི་བདེ་ཐང་རེད་འདུག འོན་ཀྱང་སྲིད་གཞུང་གིས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་དང་། ཁོང་ད་ལྟ་བར་ཕྱིར་རང་ཁྱིམ་དུ་ལོག་ཐུབ་མེད་པ་རེད། ཅེས་དང་། ད་ལྟ་ཁོང་ཕ་མ་གཉིས་དང་མཉམ་དུ་ཧྲན་ཏུང་ཞིང་ཆེན་གྱི་ཆིན་ཏའོ་གྲོང་ཁྱེར་ (Qingdao) ནང་ཡོད་སྐོར་དང་། སྲིད་གཞུང་གིས་རྒྱ་ནག་སྐམ་པ་ཆེན་མོ་དང་ཧོང་ཀོང་། ཉི་ཧོང་བཅས་ཀྱི་ནང་ཁོང་གིས་ཅི་བྱས་ཐད་འདྲི་གཅོད་བྱས་ཡོད་པ་དང་། ཁོང་ལ་ཕྱིའི་རྒྱལ་ཁབ་ནང་དངུལ་དངོས་ཀྱི་འབྲེལ་བ་གང་ཡང་བྱུང་མེད་པར་བརྟེན། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་ལ་འབྲེལ་བ་མེད་པ་རྒྱུ་མཚན་དུ་བྱས་ཏེ་ཁྲིམས་བཤེར་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། རྒྱ་ནག་གི་མིང་བརྗོད་འདོད་མེད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཞིག་གིས། སྲིད་གཞུང་གི་ལྟ་རྟོག་ནན་མོའི་འོག་ཁྲིན་ཆུ་ཧྲི་ཕ་མ་གཉིས་དང་མཉམ་དུ་ཡོད་པ་དང་། སྲིད་གཞུང་གིས་ཁྲིམས་བཤེར་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་རྗེས།  ཁོང་མུ་མཐུད་རྟོག་ཞིབ་འོག་བཞག་ཡོད་པ་དེ་ནི་ཁྲིམས་འགལ་ཡིན་སྐོར་བརྗོད་འདུག

ཁྲིན་ཆུ་ཧྲི་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཟུར་པ་ཞིག་ཡིན་པ་དང་། འདས་ལོའི་ཕྱི་ཟླ་ ༨ ནང་ཧོང་ཀོང་ལ་ཕྱིན་ཏེ་ས་གནས་སུ་མི་མང་ལས་འགུལ་གྱི་གནས་ཚུལ་བརྙན་ལམ་ནས་རྒྱ་རིགས་མི་མང་ལ་ངོ་སྤྲོད་བྱས་པ་དང་། དེ་ནས་ཕྱིར་རྒྱ་ནག་ཏུ་ལོག་རྗེས་རྒྱ་ནག་གཞུང་གིས་ཉིན་ལྟར་མི་གྲངས་འབུམ་ ༧ ལྷག་གིས་དོ་སྣང་བྱེད་ཀྱི་ཡོད་པའི་ཁོང་སྒེར་གྱི་སྤྱི་ཚོགས་དྲ་བ་སྒོ་བརྒྱབ་ཡོད་པ་རེད། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཝུ་ཧན་གྲོང་གྲོར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཆེན་པོ་ཕྱིན་སྐབས། ཁོང་དྭང་བླངས་ཐོག་གྲོང་ཁྱེར་ཝུ་ཧན་དུ་ཕྱིན་ཏེ། ཁོ་རང་གི་ཐད་གཏོང་བརྒྱུད་ས་གནས་ཀྱི་དངོས་ཡོད་གནས་ཚུལ་བརྙན་དུ་བླངས་བ་དང་། དཀའ་སྡུག་ཆེན་པོ་མྱོང་བཞིན་པའི་ནད་པ་དང་ཁྱིམ་བདག སྨན་ཁང་གི་འབྲེལ་ཡོད་སོགས་ལ་སྐད་ཆ་དྲིས་ནས་བརྙན་ཐུང་རིམ་པ་མང་པོ་སྤེལ་ཡོད་པ་མ་ཟད། དངོས་ཡོད་ཀྱི་གནས་ཚུལ་སྲིད་གཞུང་ལ་ནག་གསུབ་གཏོང་དུ་འཇུག་གི་མིན་པའི་དམ་བཅས་ཡོད་ཀྱང་།  ཕྱི་ཟླ་ ༢ ཚེས་ ༧ ཉིན་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་གཉན་རིམས་དེ་དང་འབྲེལ་བའི་གནས་ཚུལ་ལ་བཀག་སྡོམ་ཆེན་པོ་བྱས་ཡོད་ནའང་། ཝུ་ཧན་གྱི་ཚོང་བ་ཧྥན་པིན་ (Fang Bin) དང་གསར་འགོད་པ་ལི་ཙི་དཔའ་ (Li Zehua) སོགས་ཀྱིས་ཊུའུ་ཝེ་ཊུར་དང་། ཡུ་ཊུའུ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་སྤྱད་དེ་ཡུལ་དེའི་གནས་སྟངས་དངོས་འདོན་སྤེལ་བྱས་ཡོད་ཀྱང་། དེ་དག་རེ་རེ་བཞིན་གར་སོང་ཆ་མེད་དུ་གྱུར་ཏེ་ཚོང་པ་ཧྥན་པིན་གང་དུ་ཡོད་མེད་ཙམ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ལྷག་གི་རྗེས་སུ་གསར་འགོད་པ་ལི་ཛི་དཔའ་ཀློད་གྲོལ་བཏང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply