ཕྱིའི་རྒྱལ་ཁབ་ ༢༨ ནང་ཡོད་པའི་བོད་མིའི་སྤྱི་ཚོགས་སྐོར་ལ་ཉམས་ཞིབ་སྙན་ཐོ་བཏོན། 

སྲིད་སྐྱོང་མཆོག་གིས་བོད་མི་ཚོས་ནང་ཁུལ་རྩོད་རྙོག་རྐྱང་རྐྱང་བཤད་ནས་མི་འདུག་པར་ལངས་ཕྱོགས་ག་རེ་ཡིན་ཡང་བོད་དོན་འཐབ་རྩོད་དང་རྩ་དོན་སྐོར་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་དགོས་པའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།དེ་རིང་སྔ་དྲོར་ཆུ་ཚོད་  ༡༡།༣༠ སྟེང་།  གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ཀྱིས།  འདི་ལོར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་དཔར་སྐྲུན་གནང་བའི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་བ་དང་།  མཛད་སྒོའི་སྟེང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་རེད་ལ།  སྲིད་སྐྱོང་དང་བཀའ་བློན་རྣམ་ནས་མུ་མཐུད་དབུ་མའི་ལམ་ནས་བོད་དོན་སེལ་ཐབས་གནང་རྒྱུ་ཡིན་ན་ཡང་།  བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་ག་རེ་འཛིན་བཞིན་ཡོད་ཀྱང་།  ལས་འགུལ་མང་པོ་ཞིག་སྤེལ་དགོས་པ་དང་ད་ལྟའི་ཆར་རྣམ་པ་འདྲ་མིན་གྱི་ལས་འགུལ་རིགས་སྤེལ་དགོས་པའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།

མཛད་སྒོའི་ཐོག་མར་དཔལ་འབྱོར་བཀའ་བློན་མཆོག་ནས་འདི་ལོའི་སྔོན་རྩིས་ནང་ཕྱི་རྒྱལ་ཁག་ནང་ཡོད་པའི་བོད་རིགས་ཚོགས་པ་ཁག་གིས། འདི་ལོའི་ཕྱི་ཟླ་ ༤ ནང་དྷ་རམ་ས་ལར་ཚོགས་འདུ་ཆེན་པོ་ཞིག་ཚོགས་འཆར་ཡོད་ཀྱང་།  སྐབས་དེ་དང་བསྟུན་ནས་སྙན་ཐོ་དེ་བཏོན་ནས་བསམ་ཚུལ་དང་བགྲོ་གླེང་བྱ་གཏན་འཁེལ་ཡོད་ན་ཡང་།  བར་སྐབས་དེར་རྒྱ་ནག་ནས་མཆེད་པའི་ཏོག་ནད་རྐྱེན་གྱིས་ཚོགས་འདུ་དེ་ཚོགས་ཐུབ་ཡོད་པ་མ་རེད་ལ། མ་འོངས་པར་ཚོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།  ཚོགས་འདུའི་སྐབས་ཚོགས་བཅར་བ་ཚོས་གནས་ཚུལ་མཁྱེན་རྟོགས་ཆེད་རྒྱ་གར་དང་བལ་ཡུལ་ཕུད་པའི་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བྱས་ཡོད་པའི་བོད་མི་ཚོའི་སྐོར་ལ་ཉམས་ཞིབ་ཅིག་བྱས་ཡོད་པ་དང་།  ཉམས་ཞིབ་སྐབས་ལྡི་ལི་དང་བལ་ཡུལ་དོན་གཅོད་ཕུད་པའི་དོན་གཅོད་ཁང་ཚང་མར་ཉམས་ཞིབ་འགེངས་ཤོག་ཕུལ་ནས་མི་མང་ནང་བཀྲམས་ཡོད་པ་དང་།  འགེངས་ཤོག་དེར་དོན་ཚན་སྤྱི་  ༡༢ དང་ནང་གསེས་དོན་ཚན་ ༡༠༠ ལྷག་ཡོད་པ་དང་།  འགེངས་ཤོག་དེ་ཕྱིའི་རྒྱལ་ཁབ་  ༢༨ ནང་ཡོད་པའི་བོད་མི་ཚོའི་སྐོར་ལ་ཞིབ་འཇུག་བྱས་པ་ཞིག་ཆགས་ཡོད་པ་དང་།  ཉམས་ཞིབ་ཧ་ཅང་ཡག་པོ་དང་འཐུས་ཚང་ཆགས་ཡོད་སྟབས།  དེ་གཞི་ལ་བཞག་ནས་སྙན་ཐོ་བཏོན་པ་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། དེའི་ནང་དུ་བྱང་ཨ་རིའི་ནང་ཨ་རི་དང་ཁ་ན་ཊ་གཉིས་མཉམ་དུ་བྱས་ཏེ་རྒྱབ་གཉེར་དོན་ཚན་ ༡༠ བྱས་ཡོད་པ་དང་། དེ་མིན་ཨེ་ཤ་ཡ་དང་ཡུ་རོབ་ཁུལ་ཚང་མར་མཉམ་དུ་རྒྱབ་གཉེར་དོན་ཚན་ ༡༣ བྱས་ཡོད་པ་དང་།  ཕྱོགས་བསྡོམས་ནས་ཞུས་པ་ཡིན་ན་རྒྱབ་གཉེར་དོན་ཚན་ཁག་ལས་གལ་ཆེ་ཤོས་དྭང་བླངས་དཔྱ་དངུལ་འབུལ་ཕྱོགས་ཚགས་ཚུད་ཡོང་ཐབས་ལ་ག་རེ་བྱ་དགོས་མིན་གྱི་རྒྱབ་གཉེར་བསམ་ཚུལ་གཅིག་དང་། གཉིས་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་དེ་དག་གི་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་བར་ལས་དོན་ག་རེ་དགོས་པའི་བསམ་འཆར་དོན་ཚན་གཅིག་འདུག  གསུམ་པ་དེར་ཚོགས་པ་སོ་སོའི་ངོས་ནས་ལས་གཞི་འདྲ་མིན་སྤེལ་ནའང་ཚང་མ་མཉམ་རུབ་ཡོང་བར་བསམ་འཆར་གཅིག་འདུག  བཞི་པ་དེ་ལ་གཟའ་མཇུག་སློབ་གྲྭ་ཁག་དེ་དག་དཔེ་ཡག་པོ་ཡོད་པ་དང་། ད་དུང་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་ལ་ག་རེ་གནང་དགོས་མིན་གྱི་བསམ་འཆར་དང་།   མཐའ་མ་དེར་བོད་རིགས་ཚོགས་པ་ཁག་གིས་སྤྱི་ཁང་སྐྲུན་ཐབས་དང་། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ཆོས་ཚོགས་ཁག་ལ་འབྲེལ་བ་ག་འདྲ་དགོས་པ་དང་།  བོད་རིགས་ཚོགས་པ་ཁག་གིས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་སྲ་བརྟན་ཡོང་ཐབས་སོགས། སྙན་ཐོ་དེའི་རྒྱ་བལ་འབྲུག་གསུམ་གྱི་བོད་མི་དང་ཕྱི་རྒྱལ་ཁག་གི་བོད་མི་ཚོ་སྒྲིག་འཛུགས་གཅིག་གི་འོག་ཏུ་གནས་ཐབས་དང་། ཉི་གདུགས་གཅིག་གི་འོག་ནས་འཚོ་དགོས་པའི་བསམ་ཚུལ་བཤད་ཡོད་སྟབས། སྙན་ཐོ་དེ་དཔེ་ཡག་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཉམས་ཞིབ་དེ་གལ་ཆེན་ཆགས་ཡོད་པ་དང་།  ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གྱི་ནང་ཡོད་པའི་བོད་པ་དང་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་པ་ཚོ་བརྒྱ་ཆ་ ༥༠ རེ་ཆགས་བསྡད་ཡོད་པར་བརྟེན། ཕྱི་ལོགས་ན་ཡོད་པའི་བོད་པ་ཚོའི་གནས་སྟངས་སྐོར་ནས་ཆོས་དང་རིག་གཞུང་དང་མི་རིགས་ཀྱི་ངོ་བོ།  ཆབ་སྲིད་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་སོགས་རྟོགs་ཐུབ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཡོད་པ་དང་།  ཐེངས་འདིའི་སྙན་ཐོ་དང་འབྲེལ་མ་འོངས་པར་བཀའ་ཤག་ངོས་ནས་ཕྱིའི་རྒྱལ་ཁབ་ཁག་གི་བོད་པ་ཚོའི་སྐོར་ལ་ལས་དོན་བྱེད་ཕྱོགས་ལ་ཐུགས་ཕན་ཡོད་པ་དང་།  ཕྱི་ལོ་  ༢༠༡༤ ལོར་བཀའ་ཤག་གི་ངོས་ནས་སྙན་ཐོ་ཞིག་བཏོན་ཏེ། ཕྱི་ལོ་  ༢༠༢༠ བར་རྒྱ་བལ་འབྲུག་གསུམ་དང་ཕྱིའི་རྒྱལ་ཁབ་ཁག་གི་མི་འབོར་བརྒྱ་ཆ་ ༥༠།༤༠ ཆགས་རྒྱུ་ཡིན་སྐོར་བཀོད་ཡོད་ལ།  ད་ལྟའི་ཆར་སྙན་ཐོ་འདིའི་ནང་མི་འབོར་བརྒྱ་ཆ་ ༥༠།༥༠ ཆགས་ཡོད་པ་གསལ་བོ་བཀོད་ཡོད་པ་དང་།  དེ་ཡིན་དུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་བོད་པར་སློབ་ཡོན་དང་ཉམ་ཐག་སོགས་ལ་རོགས་དངུལ་ཐོག་ནས་རོགས་པ་བྱེད་ཐུབ་ཀྱི་ཡོད་ཀྱང་།  ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོར་རོགས་དངུལ་ཐོག་ནས་རོགས་པ་དེ་ཙམ་བྱེད་ཐུབ་ཀྱི་མེད་ལ།  སྤྱིར་ཡིན་ན་བོད་རིགས་ཡིན་པ་གཅིག་པ་ཆགས་ཡོད་སྟབས་རོགས་སྐྱོར་དགོས་པ་དེ་གཅིག་པ་ཆགས་ཡོད་སྐོར་དང་།   ད་ལྟའི་ཆར་རྒྱ་གར་ནང་ཡོད་པའི་བོད་པའི་གཞིས་ཆགས་ཆེ་ཁག་གཅིག་དང་ཨ་རི་དང་ཁ་ན་ཌ་སོགས་ཀྱི་གྲོང་ཁྱེར་ཁག་ནང་ཡོད་པའི་བོད་པའི་མི་འབོར་གྲངས་ཚད་གཅིག་པ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་ཁོང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་དང་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་དོན་སྐོར་ལ་དོ་སྣང་དང་ཆབ་སྲིད་ལས་འགུལ་ཤུགས་ཆེར་སྤེལ་དགོས་པའི་སྐོར་ལ་ཁོང་གིས།   ཕྱི་རྒྱ་ཁག་ནང་ཡོད་པའི་བོད་པ་ཚོས་བོད་ཀྱི་རྩ་དོན་དང་ཆབ་སྲིད་ཐད་ནས་ལས་འགུལ་ཤུགས་ཆེན་པོས་སྤེལ་དགོས་པ་དང་།  གཙོ་བོ་སོ་སོས་ལངས་ཕྱོགས་ག་རེ་འཛིན་བཞིན་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་རེད་ལ།  སྲིད་སྐྱོང་དང་བཀའ་བློན་རྣམ་ནས་མུ་མཐུད་དབུ་མའི་ལམ་ནས་བོད་དོན་སེལ་ཐབས་གནང་རྒྱུ་ཡིན་ན་ཡང་།  བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་ག་རེ་འཛིན་བཞིན་ཡོད་ཀྱང་།  ལས་འགུལ་མང་པོ་ཞིག་སྤེལ་དགོས་པ་དང་ད་ལྟའི་ཆར་རྣམ་པ་འདྲ་མིན་གྱི་ལས་འགུལ་རིགས་སྤེལ་དགོས་པའི་དུས་ལ་བབ་ཡོད་པ་དང་།  ནང་ཁུལ་གྱི་རྩོད་རྙོག་སྐོར་ནས་བགྲོ་གླེང་བྱས་བསྡད་ན་ཡག་པོ་མེད་པ་རེད་ཟེར་ན་གཏམ་བརྗོད་རང་དབང་ཡིན་སྟབས་བགྲོ་གླེང་ཡོང་གི་རེད་དེ།  ནང་ཁུལ་རང་གི་རྩོད་རྙོག་དེ་ག་རང་གི་སྟེང་ལ་མགོ་འཁོར་བསྡད་ན་ཡག་པོ་གང་ཡང་མེད་པ་དང་།  ད་ལྟའི་ཆར་བོད་པ་ཚོས་དྲ་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་བརྒྱ་ཆ་  ༩༩ ནང་ཁུལ་རྩོད་རྙོག་སྐོར་ཡིན་པ་དང་།  འཛམ་གླིང་དང་རྒྱ་ནག་གི་གནས་ཚུལ་ཟུར་དུ་བཞག་ནས་བོད་དོན་སྐོར་མི་བཤད་པར་ནང་ཁུལ་ནས་རྩོད་རྙོག་རྐྱང་རྐྱང་བཤད་བསྡད་ན་ཆོ་གང་ཡང་མེད་སྟབས།  བོད་ཀྱི་ཆབ་སྲིད་དང་རྩ་དོན་དང་འབྲེལ་བའི་ལས་འགུལ་གང་སྤེལ་དགོས་སྐོར་སོགས་གསུངས་སོང་།

གསར་འགོད་པ།  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply