སྤྱི་འཐུས་ཚོགས་གཞོན་མཆོག་གི་རྩ་ཁྲིམས་སྐོར་གྱི་དཔེ་དེབ་དབུ་འབྱེད་གནང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ ༡༨༠ ལྷག་གི་རྩ་ཁྲིམས་སྐོར་ལ་དཔྱད་ཞིབ་གནང་སྟེ་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཞེས་པའི་དཔེ་དེབ་ཅིག་ཕྱོགས་སྒྲིག་གནང་འདུགདེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱོགས་སྒྲིག་གནང་བའི་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་བ་དང་། གསར་འགོད་ལྷན་ཚོགས་ཐོག་སྐུ་མགྲོན་གྱི་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས། བོད་མི་མང་སྤྱི་འཐུས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༦༠ ལྷག་འཛོམས་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྐོར་གྱི་དཔེ་དེབ་དེ་དབུ་འབྱེད་གནང་རྗེས། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དཔེ་དེབ་ཀྱི་བརྗོད་དོན་སྐོར་གསུང་བཤད་གནང་དོན། སྤྱིར་བཏང་སྤྱི་ཚོགས་དང་། སྒྲིག་འཛུགས། མི་གཉིས་ཀྱིས་མཐུན་འབྲེལ་གྱི་ཐོག་ནས་ལས་གཞི་ཞིག་སྤེལ་རྒྱུ་ཡིན་ནའང་། ཡིག་ཐོག་ཏུ་སྒྲིག་འཛུགས་གསལ་པོ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། དཔེར་ན་ཕྱི་རྒྱལ་ཁག་ཏུ་ཚོགས་པ་སྐྱིད་སྡུག་ཁག་དེབ་སྐྱེལ་བྱེད་སྐབས་ཐོག་མར་ MoU (རྒྱུས་ལོན་ཆོད་ཡིག་དང་། Article of Association (ཚོགས་པའི་སྒྲིག་གཞི་) དགོས་ཀྱི་ཡོད་པ་རེད། ཡིག་ཆ་དེ་དག་གཞིར་བཞག་ནས་ཚོགས་པ་སྒྲིག་འཛུགས་ཀྱིས་ལས་ཀ་བྱས་པ་ཡིན་ན། རྗེས་མ་དཀའ་རྙོག་མི་ཡོང་རྒྱུ་དང་། གང་འདྲ་ཞིག་ཡིན་ནའང་ཐད་ཀར་གཙང་མ་ཡོང་གི་ཡོད་པ་རེད། དེ་ནང་བཞིན་རྩ་ཁྲིམས་ཟེར་དུས་རྒྱལ་ཁབ་ཅིག་འཛིན་སྐྱོང་བྱེད་སྐབས་ཁྲིམས་སྒྲིག་གཞི་མང་པོ་ཡོད་པ་དེ་དག་གི་རྩ་བ་གཏུག་ས་དེ་རྩ་ཁྲིམས་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་མང་ཆེ་བར་རྩ་ཁྲིམས་ཡོད་ལ། རྒྱལ་ཁབ་ཀྱི་དམིགས་ཡུལ་དང་། མངོན་འདོད། འཆར་སྣང་། ལས་ཀ་སྤེལ་ཕྱོགས་སོགས་ཀྱི་ཁ་ཕྱོགས་དེ་རྩ་ཁྲིམས་ཆགས་ཀྱི་ཡོད་པ་རེད། ཅེས་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་པར་དམངས་གཙོ་གསོལ་རས་གནང་བར་བརྟེན། བཅའ་ཁྲིམས་སོགས་གཏན་འབེབ་བྱས་ཐུབ་ཡོད་ཅིང་། རྒྱ་ནག་ལྟ་བུར་མཚོན་ན་དཔལ་འབྱོར་དང་དམག་དཔུང་སོགས་ཀྱི་ཐོག་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ནའང་། བོད་མི་ལྟར་དམངས་གཙོ་དང་རང་དབང་མེད་པ་མ་ཟད། རྒྱ་ནག་ལ་རྩ་ཁྲིམས་ཡོད་ཀྱང་ཁྲིམས་ཀྱི་དབང་བསྒྱུར་མེད་སྐོར་དང་། ཚོགས་གཞོན་མཆོག་གིས་ཕྱོགས་སྒྲིག་གནང་བའི་དཔེ་དེབ་འདིའི་ནང་ཆབ་སྲིད་དང་། གྲོས་ཚོགས་སོགས་ཀྱི་སྐོར་ནས་ལྟ་བདེ་པོ་ཞིག་ཡོད་པ་དང་། སློབ་གྲྭ་ཁག་ཏུའང་དགེ་རྒན་རྣམ་པས་ཟུར་ལྟའི་ཚུལ་དུ་བཀོལ་སྤྱོད་བྱ་ཆོག་པ་ཞིག་ཀྱང་ཡོད་སྐོར་བརྗོད་སོང་།དེའི་རྗེས་དཔེ་དེབ་ཕྱོགས་སྒྲིག་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། ངས་གཞི་རིམ་ནས་མཐོ་རིམ་སློབ་གྲྭའི་བར་སྤྱི་ཚོགས་རིག་གནས་ཀྱི་སློབ་ཚན་དང་ཐག་ཉེ་ཤོས་ལྟ་བུ་ཆགས་སྟེ། འདས་པའི་ལོ་ཤས་སྔོན་ནས་དཔེ་དེབ་བཀླགས་ཏེ། འཛམ་གླིང་ནང་རྒྱལ་ཁབ་ ༢༥༠ ཡོད་པའི་ཁྲོད་ནས་དམངས་གཙོའི་རྒྱལ་ཁབ་ ༡༨༠ ལྷག་གི་རྩ་ཁྲིམས་མང་ཆེ་བ་གཅིག་པ་ལྟ་བུ་ཡིན་ཡང་། རྒྱལ་ཁབ་སྣ་ཚོགས་ཀྱི་རྩ་ཁྲིམས་ཇི་ལྟར་ཡིན་མིན་ཐད་ཕྱོགས་སྒྲིག་བྱས་པ་རེད། ཅེས་དང་། རྩ་བའི་དམར་ཤོག་གི་རྒྱལ་ཁབ་ཡིན་ན་རེད། དམངས་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ནའང་འད། གང་ལྟར་འཛམ་གླིང་འདིའི་ནང་རྒྱལ་ཁབ་ཡིན་ཕྱིན་ཆད་ཀྱི་སྒྲུབ་བྱེད་གཙོ་བོ་དེ། མི་སེར་དང་། ས་ཁོངས། དེར་འཛིན་སྐྱོང་བྱེད་མཁན་གྱི་སྲིད་གཞུང་དང་། སྲིད་གཞུང་དེ་ཡང་དབང་ཚན་ལྡད་པའི་རང་རྐྱ་འཕེར་བའི་སྲིད་གཞུང་ཞིག་ཡིན་དགོས་པ་རེད། ཅེས་དང་། དེ་བཞིན་རྒྱལ་ཁབ་སོ་སོས་བླ་ན་མེད་པའི་དབང་ཚད་ཁོངས་སུ་ངོམས་སུ་ཆོག་པ་ལྔ་འཇོག་གི་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་རྒྱལ་དར། རྒྱལ་ཁབ་ཀྱི་རྒྱལ་རྟགས། རྒྱལ་ཁབ་ཀྱི་སྐད་ཡིག རྒྱལ་གླུ། དེ་བཞིན་རྒྱལ་ཁབ་ཀྱི་དམིགས་བསལ་ཉིན་མོ་བཅས་རེད། དེ་དག་ང་ཚོ་བོད་ལ་རང་དབང་ཡོད་པའི་སྐབས་ནས་ཡོད་ཅིང་། ད་ལྟའང་ཡོད་པ་རེད། ཅེས་གསུངས་སོང་བ་དང་། དེ་ནས་ཚོགས་གཞོན་མཆོག་ནས་རྒྱལ་ཁབ་སོ་སོའི་མི་སེར་གྱི་ངོས་འཛིན་བྱེད་ཕྱོགས་དང་། རྒྱལ་ཁབ་སོ་སོའི་དམངས་གཙོའི་བྱུང་རིམ། ཆོས་ལུགས་རིས་མེད་ཀྱི་ལམ་ལུགས་སོགས་ཀྱི་སྐོར་གསུངས་སོང་། མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ཐེངས་ཚོགས་གཞོན་མཆོག་ནས་དམངས་གཙོའི་སྐོར་གྱི་དཔེ་དེབ་གོ་བདེ་པོ་ཞིག་རྩོམ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དམངས་གཙོའི་འགྲོ་ལུགས་འགྲོ་སྟངས་སྐོར་བགྲོ་གླེང་མང་པོ་ཡོད་ཀྱང་། སྙིང་བསྡུས་དེ་ཕལ་ཆེར་ཨ་རིའི་སྲིད་འཛིན་ཟུར་པ་དང་ཨ་རིའི་རྩ་ཁྲིམས་རྩོམ་རྒྱུར་འགན་ཆེ་ཤོས་བཞེས་མཁན་ཇེམ་སི་མེ་ཌི་སོན་ (James Madison) ལགས་ཀྱིས། མི་མང་དེ་ལྷ་ཡིན་པ་ཡིན་ན་གཞུང་དགོས་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་གཞུང་དེ་ལྷ་ཡིས་སྟངས་འཛིན་བྱེད་ཀྱི་ཡོད་པ་ཡིན་ན། ཕྱིའི་སྟངས་འཛིན་དང་ནང་གི་སྟངས་འཛིན་ཞེས་པ་དེ་ཡང་དགོས་ཀྱི་མ་རེད། གང་ཡིན་ཟེར་ན། ལྷ་ཡིན་སྟབས་དྲང་པོ་དྲང་བཞག་བྱེད་ཀྱི་རེད། དཀའ་ངལ་དེ་གང་རེ་རེད་ཟེར་ན་མིས་མི་ལ་སྟངས་འཛིན་དང་འཛིན་སྐྱོང་བྱེད་དགོས་ཀྱི་ཡོད་སྟབས། དེར་བརྟེན་དེ་ལ་སྒྲིག་འཛུགས་གང་འདྲ་ཞིག་དགོས་ཀྱི་ཡོད་རེད་ཟེར་ན། གཞུང་དེ་ལ་དབང་ཆ་ཡོད་པའི་སྒང་ལ། མི་མང་ལ་སྟངས་འཛིན་དང་འཛིན་སྐྱོང་བྱེད་ཐུབ་མཁན་དང་། གཞུང་དེས་གཞུང་ཁོ་རང་ལ་སྟངས་འཛིན་བྱེད་ཐུབ་མཁན་ཞིག་དགོས་པ་རེད། གཞན་མ་གཏོགས་དབང་ཆ་བདེ་སྤྱོད་ལོག་པ་གཏོང་རྒྱུ་དེ་འདྲ་ཡོང་གི་རེད། དེར་བརྟེན་མི་མང་དེ་གཞུང་གིས་སྟངས་འཛིན་བྱེད་དགོས་པ་ཞིག་ལ། གཞུང་དེ་སྒྲིག་འཛུགས་ཡོད་པའི་གཞུང་དེ་ཉིད་ཀྱིས་སྟངས་འཛིན་བྱེད་དགོས་པ་རེད། ཅེས་དང་། མཐའ་མཇུག་དེར་ཚོགས་གཞོན་མཆོག་ནས་རྩོམ་སྒྲིག་གནང་བའི་དཔེ་དེབ་འདིས་མང་ཚོགས་ཁྲོད་དམངས་གཙོའི་གོ་རྟོགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply

One thought on “སྤྱི་འཐུས་ཚོགས་གཞོན་མཆོག་གི་རྩ་ཁྲིམས་སྐོར་གྱི་དཔེ་དེབ་དབུ་འབྱེད་གནང་།

  1. རང་གི་རྩ ཁྲིམས་ཡག་པོ་ཞིག་སྦྱངས་ནས་བརྩི་བསྲུང་གནང་རོགས། གཞན་གྱི་རྩ་ཁྲིམས་ཤེས་ན་ལོས་བཟང་སྟེ་མ་ཤེས་ནའང་སྐྱོན་མི་འདུག