ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་མི་ ༡༡ ལ་ཆད་འགེལ་བཀའ་ཁྱབ་གནང་བ་དེ་སྤྱི་ལྷན་ནས་ངོས་ལེན་མེད་པའི་གསལ་བསྒྲཊ་གནང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་རྣམ་པས་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕར་འགྱངས་གནང་བའི་ཐག་གཅོད་དེ་ཁྲིམས་དང་འགལ་ཡོད་པའི་ཆད་འགེལ་བཀའ་ཁྱབ་བཏང་གནང་བ་དེ་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་གནང་འདུག དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཤོག་ངོས་༡༣ ཅན་གྱི་ཆད་འགེལ་བཀའ་ཁྱབ་ཅིག་བཏང་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༠ པ་ཕྱི་ལོ་ ༢༠༢༡ ཟླ་ ༣ བར་ཕར་འགྱངས་གནང་བ་དེ་བཅའ་ཁྲིམས་དོན་ཚན་ ༤༠ པར་འགལ་འཛོལ་བྱུང་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་གནང་བར་བརྟེན། དེ་རིང་ཕྱི་ཚེས་ ༢༥ ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ བར་དུ་སྤྱི་འཐུས་རྒྱུན་ལས་རྣམ་ལ་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་གནང་བ་ཡོངས་བསྒྲགས་གནང་སོང་།

དེ་རིང་དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཤིག་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཡོད་པ་སོགས་ཤོག་ངོས་བཞི་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་གནང་འདུག་ལ། གསལ་བསྒྲགས་ཀྱི་མཇུག་ཏུ། མདོར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་དུ་བསྡད་ནས་ཐག་གཅོད་བྱས་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གཙོས་འབྲེལ་ཡོད་ཚང་མས་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་དེར་ངོས་བཞེས་གནང་ན་འགྲིག་ཐབས་མེད་པར་བརྟེན་དེ་དོན་དགོངས་འཇགས་དགོས་པ་དང་། གནད་དོན་འདི་འབྲེལ་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་ཡོངས་རྫོགས་ཁྲིམས་ཞིབ་ཕ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ། ཁྲིམས་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ནས་འགན་འགན་འཁུར་དགོས་ཞེས་གསུངས་འདུག
ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ལ་བཀའ་ཁྱབ་བཏང་གནང་སྟེ། གྲོས་ཚོགས་ཚོགས་དུས་ ༡༠ པ་ཕར་འགྱངས་གནང་བའི་གསལ་བསྒྲགས་དེ་འཕྲལ་དུ་ཕྱིར་འཐེན་དགོས་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ འགྱངས་མེད་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་བསྟེན་དགོས་སྐོར་བཀའ་གནང་ཡོད་ཀྱང་།  ཕྱི་ཟླ་ ༨ ཚེས་ ༢༨ ཉིན། སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་། ༢༠༢༠།༨།༢༧ འཁོད་བརྡ་ཐོ་ཕྱིར་སློག་དང་། ཁྲིམས་ཞིབ་ཁང་ནས་ཕྱིར་སློག་བྱས་ཟིན་པའི་རྒྱན་ལས་ཀྱི་གསལ་འདེབས་ཞེས་པ་བསྐྱར་དུ་འབུལ་བསྐུར་གནང་ཡོད་འདུག ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཉམས་ལེན་དགོས་པའི་བརྡ་ཐོ་གཉིས་པ་བཏང་གནང་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༡ ཉིན། སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཞིབ་ཁང་ལ་ཁྲིམས་ཀྱི་བྱ་རིམ་བརྩི་མེད་ཡོང་བའི་ཞུ་སྐུལ་ཕུལ་ཡོད་འདུག འོན་ཀྱང་། ཕྱི་ཟླ་ ༩ ཚེས་ ༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱུན་ལས་ལྷན་ཚོགས་ལ་ཞུ་སྐུལ་ངོས་བཞེས་གནང་ཐབས་མེད་པའི་བཀའ་ལན་གནང་ཡོད་པ་སོགས་ཕན་ཚུན་བཀའ་ཁྱབ་གསལ་འདེབས་རིམ་པ་གནང་མཐར། དེ་རིང་ནས་བཀའ་ཁྱབ་ནང་གསལ་གྱི་དུས་བཅད་གཙང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས ༢༡ ཉིན་ཁྲིམས་ཞིབ་ཁང་གིས་གནང་བའི་ཆད་འགེལ་བཀའ་ཁྱབ་ནང་། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་ཕར་འགྱངས་བྱེད་དགོས་བྱུང་ན། ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་ཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྡུད་སྐོང་གི་སྤྱི་འཐུས་ཀྱི་ཉུང་ཚད་མ་ལོངས་པའི་གནས་སྐབས་ཀྱི་བྱེད་ཕྱོགས་བསྟན་པའི་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༢ པ་དེའང་ཁྲིམས་ལུགས་གཏན་འབེབས་ལྟར་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྐོང་སྟངས་ལ་འབྲེལ་བ་འདོགས་ས་མེད།   སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྡུད་སྐོང་བྱེད་སྟངས་ནི། བཅའ་ཁྲིམས་དོན་ཚན་ ༤༠ པར། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་བའི་རྒྱ་ལས་མི་འགོངས་པ་ཞིག་དགོས་པ་ཡིན། གསལ་བསྒྲགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕར་འགྱངས་གནང་བའི་ཆ་རྐྱེན་དུ་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་དྲངས་པ་དེ་དག་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་འདི་ཉིད་བརྩི་སྲུང་མ་དགོས་པའི་རྒྱུ་མཚན་དུ་བགྲང་ས་མི་འགྲོ་བ་དང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱངས་བྱས་ཞེས་པ་དེ། དོན་ལ་དུས་ཡུན་ངེས་ཅན་ཞིག་ཏུ་ཕར་འགྱངས་བྱས་པ་མ་ཡིན་པར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་(གྲོས་ཚོགས་ཚོགས་དུས་ ༡༠ པ་》ཕྱིར་བསྡུ་བྱས་པའམ་མེད་པར་བཟོས་པ་ལྟ་བུ་ཞིག་ཆགས་ཡོད།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱིར་བསྡུའམ། མེད་པ་བཟོ་ཆོག་པའི་དབང་ཚད་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ལ་་བསྐུར་མེད། དེར་བརྟེན། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་ཕར་འགྱངས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་ ༤༠ པར་འགལ་འཛོལ་བྱུང་འདུག་པས། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཐག་གཅོད་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས། ནུས་མེད་དུ་བཏང་བ་ཡིན།  སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་འཕྲལ་དུ་ ༢༠༢༠།༨།༡༧ འཁོད་ཁྲིམས་འགལ་ཆགས་པའི་གསལ་བསྒྲགས་དེ་ཕྱིར་འཐེན་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ འགྱངས་མེད་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་མ་བསྟེན་ཚེ། ཁྲིམས་ཡིག་གི་ཆ་རྐྱེན་གཞིར་བཟུང་། བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་མ་བསྒྲུབས་པ་དང་། བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་པའི་བྱེད་འཛོལ་ལ་དམིགས་པའི་ཆད་འགེལ་བྱེད་དགོས་ཆགས་རྒྱུའི་བཀའ་ཁྱབ་ཏུ། ཞེས་བཀོད་འདུག

ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ པ་ལྟར་སྤྱི་འཐུས་རྒྱུན་ལས་རྣམ་པར་ཆད་འགེལ་གནང་བའི་སྐོར་གྱི་བཀའ་ཁྱབ་ནང་།  ཚོགས་གཙོ་པད་མ་འབྱུང་གནས་མཆོག་དང་། ཚོགས་གཞོན་ཨ་ཅུརྱ་ཡེ་ཤེས་ཕུན་ཚོགས་མཆོག མཁན་པོ་བསོད་ནམས་བསྟན་འཕེལ་ལགས། བསྟན་པ་ཡར་འཕེལ་ལགས། མཁན་པོ་ཀབྲག་དངོས་གྲུབ་བསོད་ནམས་ལགས དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། གསེར་རྟ་ཚུལ་ཁྲིམས་ལགས། ངག་དབང་ཐར་པ་ལགས། བློ་བཟང་ཆོས་འབྱོར་ལགས། ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་བཅས་ཡིན་པ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ པ་ནང་གསལ། སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་དང་ཚོགས་གཙོ་ཚོགས་གཞོན། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས། ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཚོགས་གཙོ། དྲུང་རྩིས་དང་དངུལ་གཉེར་བཅས་ཀྱི་འོས་བསྡུ་ཁག་དང་། ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་བ་ཡིན་སྐོར་གསུངས་འདུགའདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕར་འགྱངས་གནང་བའི་གསར་འགོད་གནང་ཡོད་པ་དང་། སྐབས་དེར་བོད་མི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་ནས་ཉིན་ལྟར་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་དྷ་ས་ས་གནས་ནི་༧རྒྱལ་བའི་བཞུགས་སྒར་ཡིན་སྟབས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ནའང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་གྱི་ཕྱོགས་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ཐེངས་འདིའི་ཐག་གཅོད་མ་བྱས་ཐབས་མེད་བྱུང་སྐོར་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་འཚོགས་རྒྱུ་མིན་ནའང་། དེ་འབྲེལ་གྱི་ལས་དོན་ལ་འཐུས་ཤོར་མེད་པར་འབད་སྒྲུབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

 གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply

5 thoughts on “ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་མི་ ༡༡ ལ་ཆད་འགེལ་བཀའ་ཁྱབ་གནང་བ་དེ་སྤྱི་ལྷན་ནས་ངོས་ལེན་མེད་པའི་གསལ་བསྒྲཊ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀོད་ཁྱབ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཡིག་ཆ་དེའི་འཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཅེས་བཀོད་འདུག་པ་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ན་འགྲིག་གི་ཡོད་པ་ཡིན་ནམ?