སྐད་འཕྲིན-བོད་ཕྱི་ནང་གཉིས་བར་གྱི་ཟམ་ཆེན་ཉག་གཅིག

—སྐད་འཕྲིན་འདི་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་བར་གྱི་འབྲེལ་འདྲིས་དེ་འདས་པའི་ལོ་ངོ་དྲུག་ཅུའི་རིང་བྱུང་མ་མྱོང་བ་ཞིག་བྱུང་སོང་།

ཀླུ་སྨྱོན་ཧེ་རུ་ཀ

ཟླ་བ་རེ་ཟུང་སྔོན་དུ་རྒྱ་གར་སྲིད་གཞུང་གིས་དུས་རབས་ཉེར་གཅིག་པ་བརྡ་འཕྲིན་དུས་རབས་འདིའི་ནང་གི་སྤྱི་ཚོགས་འབྲེལ་ལམ་གྲགས་ཆེ་ཤོས་ཀྱི་གྲས་སུ་ཚུད་པའི་སྐད་འཕྲིན་མ་ལག་འདི་བཀག་འགོག་བྱས་པ་དང་(ད་དུང་བེད་སྤྱོད་གང་འཚམ་འདུག)། ཉེ་ཆར་ཨ་མེ་རི་ཀའི་ཁྲོམ་སྲིད་གཞུང་གིས་ཀྱང་སྐད་འཕྲིན་དང་ཁྲིག་ཁྲོག་གཉིས་བཀག་འགོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཟིན་པས། ཨ་རིར་སྡོད་པའི་རྒྱ་རིགས་དང་བོད་རིགས་མང་པོ་ཞིག་གིས་རང་གིས་རྒྱ་ནག་དང་བོད་དུ་སྡོད་པའི་ནང་མི་སྤུན་མཆེད་གྲོགས་པོ་གྲོགས་པོ་སོགས་མི་ཚེའི་ནང་གི་ཆེས་གལ་ཆེ་བའི་མི་སྣ་མང་པོ་ཞིག་ལ་འབྲེལ་འདྲིས་བྱེད་མི་ཐུབ་པའི་སེམས་ཁྲལ་ཆེན་པོ་ཞིག་བསླངས་སོང་ལ། ཁོ་བོར་མཚོན་ན་ཡང་ནང་མི་སྤུན་མཆེད་ཚང་མ་བོད་དུ་ཡོད་ལ། རང་གི་དགེ་ཕྱོགས་ཀྱི་རྩ་བའི་བླ་མའི་སྤྲུལ་སྐུ་མཐོང་བ་དོན་ལྡན་ཁོང་བོད་དུ་བཞུགས་ཡོད་ལ། ཆོས་བརྒྱུད་གྲུབ་མཐའ་འདྲ་མིན་གྱི་ཆོས་གྲོགས་སྟོང་ཕྲག་དུ་མ་བོད་དུ་བཞུགས་ཡོད། དེ་བཞིན་རང་གིས་སྐད་འཕྲིན་བརྒྱུད་ནས་འདས་པའི་ལོ་མང་རིང་བོད་ཀྱི་ཆོས་རིག་འཕྲོད་གསུམ་གྱིས་གཙོས་པའི་གཏམ་བཤད་སྤེལ་སའི་དྲ་གྲོགས་ཁྲི་ཁ་ཤས་ཤིག་ཀྱང་བོད་གངས་རིའི་ལྗོངས་དེར་བཞུགས་ཡོད་པས། གློ་བུར་ཐོག་རྒྱག་གི་དོན་རྐྱེན་འདི་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཕྱོགས་སུ་དཀའ་ངལ་རབ་དང་རིམ་པ་ཞིག་ལ་འཕྲད་སོང་།

སྐད་འཕྲིན་ཞེས་པའི་སྤྱི་ཚོགས་འབྲེལ་ལམ་འདི་ནི་སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༡ ཉིན་དངོས་སུ་སྤྱི་ཚོགས་སྟེང་བསླེབས་པའི་དེང་རབས་བརྡ་འཕྲིན་རིག་པའི་མ་ལག་ཆེན་པོ་ཞིག་ཡིན་ཞིང་། མ་ལག་འདིའི་བདག་པོ་ངོ་མ་དེ་རྒྱ་མི་ཞིག་ཡིན་པ་དང་ཁོ་རང་རྒྱ་ནག་ཏུ་སྡོད་མིན་ལ་མ་ལྟོས་པར། རྒྱ་ནག་རྒྱལ་ཡོངས་ལས་ཡོངས་སུ་བརྒལ་ཏེ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཕལ་མོ་ཆེ་དང་། རྒྱ་རིགས་དང་བོད་རིགས་གནས་སྡོད་བྱེད་སའི་ཡོ་རོབ་གླིང་ཆེན་དང་ཨ་རིའི་གླིང་ཆེན། ཨོ་གླིང་སོགས་མདོར་ན་འཛམ་གླིང་ཤར་ནུབ་གང་སར་སྡོད་པའི་བོད་པ་དང་རྒྱ་ནག་པས་གཙོས་པའི་ཤར་ཕྱོགས་མི་རིགས་དུང་ཕྱུར་མང་པོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆེས་མེད་དུ་མི་རུང་བའི་སྤྱི་ཚོགས་འབྲེལ་ལམ་ཞིག་ཏུ་གྱུར་པ་རེད།

ང་རང་ལ་མཚོན་ན་ཕལ་ཆེར་སྤྱི་ལོ་༢༠༡༣ དེ་འདྲ་ཞིག་ནས་སྐད་འཕྲིན་རང་གི་ཉིན་རེའི་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པའི་འགྲོ་རོགས་འདུག་རོགས་ཟ་རོགས་ཉལ་རོགས་ལམ་རོགས་ཐ་ན་གཅིན་རོགས་ཚུན་ཆད་དུ་གྱུར་འདུག རང་ཉིད་ཀྱིས་སྐད་འཕྲིན་ཆེས་ཐོག་མར་བཀོལ་སྤྱོད་བྱེད་ཡུལ་ནི་བོད་ནང་དུ་ཡོད་པའི་རང་གི་དྲིན་ཆེན་ཕ་མ་གཉིས་དང་སྤུན་མཆེད་ཚོ་ཡིན་ལ། ལོ་གཅིག་སྔོན་མ་རྒན་དྲིན་མོ་ཆེ་ཞིང་གཞན་དུ་མ་གཤེགས་བར་དུ་སྐད་བརྙན་གཉིས་ཀའི་ལམ་ནས་ཁོང་ལ་འབྲེལ་གཏུགས་ཚར་སྟོང་ཕྲག་མང་པོ་ཞིག་བྱས་ཡོད་ཅིང་། ཕ་མ་གཉིས་ཀྱིས་རྒྱང་རིང་གི་ཁོ་བོ་དྲན་ཐེངས་རེ་རེར་ནུ་བོའི་ཁ་པར་བརྒྱུད་ནས་སྐད་འཕྲིན་གྱི་ལམ་འདི་ཁོ་ནར་བརྟེན་ནས་ངེད་ཅག་གི་སྐྱིད་སྡུག་གི་གླེང་མོལ་བྱས་པ་ཡིན་ཞིང་། མ་རྒན་དང་ངེད་གཉིས་ཀྱི་འཇིག་རྟེན་ཚེ་འདིའི་ཆེས་མཐའ་མཇུག་གི་བརྙན་ལམ་འབྲེལ་བ་དེ་ཡང་སྐད་འཕྲིན་བརྒྱུད་ནས་བྱས་པ་དང་། མ་རྒན་གྱི་སྐུ་ཕུང་གླང་ཆེན་རྫ་རིའི་འདབས་སུ་སྦྱིན་སྲེག་བྱེད་སར་གདན་འདྲེན་ཞུ་བཞིན་པ་དང་། དེ་རྗེས་མ་རྒན་གྱི་འདས་རྟགས་ངོ་མཚར་བ་དེ་ཚོ་ཚང་མ་ཡང་སྐད་འཕྲིན་འདི་བརྒྱུད་ནས་མཇལ་བ་དང་། མ་རྒན་གྱི་ཆེད་དུ་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ་དང་བོད་ཕྱི་ནང་གི་དགོན་པ་མང་པོར་འབྲེལ་བ་བྱེད་དུས་ཀྱང་སྐད་འཕྲིན་འདི་ཁོ་ན་བརྒྱུད་དེ་བསྔོ་སྨོན་སྙན་སེང་ཞུས་པ་དང་། དེ་བཞིན་དེའི་རྗེས་སུ་ཅང་མ་འགོར་བར་རང་ཉིད་ཀྱི་ཕུ་བོ་བླ་ནག་པ་ཡེ་ཤེས་བཟང་པོ་ཉེན་སྐྱོབ་རླངས་འཁོར་ནང་བཞག་ནས་ཛ་དྲག་སྨན་ཁང་དུ་འཁྱེར་བའི་སྐབས་སུ་ཡང་སྐད་འཕྲིན་གྱི་བརྙན་ལམ་བརྒྱུད་ནས་སྨོན་ལམ་བཏོན་པ་དང་། དེ་བཞིན་ཁོང་སྐུ་གཤེགས་པའི་རྗེས་སུ་ཡང་བླ་ཆེན་རྣམ་པ་དང་དགོན་པ་ཁག་ལ་བསྔོ་འབྲེལ་ཞུ་དུས་སུ་སྐད་འཕྲིན་འདི་ཁོ་ན་བརྒྱུད་ནས་སྐྱབས་འཇུག་ཞུས་པ་ཡིན། དེང་སྐབས་ཕ་རྒན་གྱི་གཟུགས་གཞིའི་བདེ་ཐང་དང་ཉམས་ལེན། སྤུན་མཆེད་ཚོའི་བདེ་སྡུག་དང་ཚ་བོ་ཚ་མོ་ཚོའི་འཚར་ལོངས་དང་སློབ་སྦྱོང་སོགས་ཀྱི་སྐོར་ཚང་མ་སྐད་འཕྲིན་འདི་རང་བེད་སྤྱོད་བྱས་ནས་རྒྱུས་ལོན་བྱེད་བཞིན་ཡོད། འདི་ནི་ང་དང་ང་འདྲ་བའི་བོད་གཞིས་བྱེས་གཉིས་ཀྱི་བོད་པ་ཚོས་རང་རང་གི་ནང་མི་སྤུན་མཆེད་ཆོས་གྲོགས་སོགས་ལ་ན་ཚ་བྱུང་དུས་དང་། དེ་ཚོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་བསྐྱོད་དུས་སུ་བོད་ཕྱི་ནང་གི་བླ་མ་རྣམ་པ་དང་དགོན་པ་ཁག་ལ་བསྔོ་སྨོན་གྱི་འབྲེལ་འཇོག་བྱེད་དུས་སུ་ཕལ་ཆེར་སྐད་འཕྲིན་འདི་མ་བརྒྱུད་པ་གཅིག་ཀྱང་ཡོད་ཀྱི་མ་རེད་བསམས།

སྐད་འཕྲིན་འདི་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་བར་གྱི་འབྲེལ་འདྲིས་དེ་འདས་པའི་ལོ་ངོ་དྲུག་ཅུའི་རིང་བྱུང་མ་མྱོང་བ་ཞིག་བྱུང་སོང་། དེ་ནི་བོད་ནང་གི་བོད་མི་ཚོས་བཙུགས་པའི་སྐད་འཕྲིན་ཚོགས་པ་བརྒྱ་སྟོང་དེ་ཚོའི་ནང་དུ་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་སྡོད་པའི་བོད་མི་སྟོང་ཕྲག་དུ་མ་མཉམ་ཞུགས་བྱས་ཏེ་ཆོས་དང་རིག་གཞུང་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་བྱུང་བ་འདི་ཡིན་ཞིང་། བོད་རིགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ཉིན་རེའི་འཚོ་བའི་ནང་དུ་གོ་གནས་ཤིན་ཏུ་གལ་ཆེན་བཟུང་ཡོད་པའི་མི་རིགས་ཤིག་ཡིན་ལ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་དབུ་ཁྲིད་མཐོ་ཤོས་ཚང་མ་བོད་ཕྱི་ལོགས་སུ་བཞུགས་ཡོད་པས། བོད་ནང་གི་ཆོས་བརྒྱུད་དེ་ཚོའི་དགོན་པ་དང་མི་སྒེར་གྱིས་རང་རང་གི་ཆོས་བརྒྱུད་ཀྱི་བླ་ཆེན་དེ་ཚོར་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་འཇུག་ཞུ་ལམ་གྱི་བརྒྱ་ཆ་དགུ་བཅུ་སྐད་འཕྲིན་འདི་ཆགས་ཡོད་པར་བསམས།

ང་རང་ཉིད་ལ་མཚོན་ན་ཡང་འདས་པའི་ལོ་ངོ་བརྒྱད་དགུ་དེ་ཚོའི་རིང་ལ་བོད་ནང་གི་བོད་མིས་བཙུགས་པའི་ཚོགས་པ་འདྲ་མིན་ནང་ཞུགས་ཏེ་ཉུང་མཐར་ཡང་བོད་མི་ཁྲི་ཁ་ཤས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་སྐོར་ལ་གཏམ་བཤད་འདྲ་མིན་སྤེལ་བ་ཡིན་ལ། གཏམ་བཤད་ཕལ་མོ་ཆེ་བོད་ནང་གི་སྐད་འཕྲིན་ཚོགས་གཙོ་དེ་ཚོས་རེ་སྐུལ་བཞིན་རང་གིས་གང་ཤེས་སྙན་སྒྲོན་ཞུས་པ་ཡིན། བོད་ནང་གི་སྐད་འཕྲིན་ཚོགས་པ་དེ་ཚོའི་ནང་དུ་མི་མང་དུས་ལྔ་བརྒྱ་དང་ཉུང་མཐར་བརྒྱ་སྐོར་རེ་ཟུང་ཡོད་ལ། སྐད་འཕྲིན་འདི་བརྒྱུད་ནས་བོད་ནང་གི་བོད་མི་ཚོའི་འཚོ་བའི་འགྱུར་ལྡོག་དང་དཔལ་འབྱོར་གྱི་གནས་སྟངས། སློབ་གསོའི་ཁ་ཕྱོགས་དང་ཆོས་ལུགས་བྱེད་སྒོ་སོགས་མདོར་ན་བོད་ནང་གི་དོན་དག་ཆེ་ཕྲ་ཚང་མ་ཕྱིར་སྡོད་བོད་པ་ཚོས་ཤེས་རྟོགས་ཐུབ་ཀི་ཡོད་ལ། དེ་བཞིན་བོད་ཕྱི་ལོགས་སུ་ཡོད་པའི་བོད་པའི་ཆོས་དང་རིག་གཞུང་གི་ཕྱོགས་སུ་ཤེས་ཡོན་ཡོད་མཁན་མང་པོ་ཞིག་གི་ཆོས་ཁྲིད་དང་གཏམ་བཤད་མང་པོ་ཞིག་ཀྱང་བོད་ནང་གི་སྐད་འཕྲིན་ཚོགས་པའི་ནང་དུ་ཉིན་སྤེལ་མཚན་སྤེལ་བྱས་ཡོད་པ་རེད། ངའི་གྲོགས་པོ་ཕྱི་བཞུགས་མཁས་དབང་ཁག་ཅིག་གི་ཆོས་དང་རིག་གཞུང་སྐོར་གྱི་གཏམ་བཤད་དེ་ཚོ་སྐད་འཕྲིན་ཁོ་ན་བརྒྱུད་ནས་བོད་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་སོང་ལ། ཐ་ན་དེ་ཚོའི་ཁག་ཅིག་དགོན་པ་མང་པོ་མཉམ་འཛོམས་ཀྱི་སྨོན་ལམ་ཆེན་མོ་དེ་འདྲའི་སྐབས་སུ་ཡང་སྐད་འཕྲིན་བརྒྱུད་ནས་ཐད་གཏོང་བྱེད་ཀྱིན་འདུག་ཟེར།

 ང་ལ་མཚོན་ན་སྐད་འཕྲིན་འདི་བརྒྱུད་ནས་རང་གིས་ལོ་མང་རིང་འབྲེལ་བ་བྱེད་མ་ཐུབ་པའི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་གྲོགས་པོ་རྙིང་པ་དུ་མ་ཞིག་ལ་སླར་ཡང་འབྲེལ་བ་བྱེད་ཐུབ་སོང་ལ། སྐད་འཕྲིན་འདི་བརྒྱུད་ནས་རང་གི་ཕ་ཡུལ་གྱི་རི་ཀླུང་ཐང་གསུམ་དང་རྟ་ནོར་ལུག་གསུམ། གཉེན་ཉེ་དང་ཆོས་གྲོགས་ཚོའི་སྐྱིད་སྡུག ཐ་ན་ཕ་ཡུལ་གྱི་འབུ་གྲོག་མ་ཚུན་ཆད་ཀྱི་འཚོ་བ་རོལ་སྟངས་ཀྱང་མཐོང་སོང་། གལ་སྲིད་ཨ་རི་སྡེ་མང་གཅིག་སྒྲིལ་སྲིད་གཞུང་གིས་སྐད་འཕྲིན་འདི་སྒོ་མ་བརྒྱབ་པ་ཡིན་ན། ང་དང་ང་ལྟ་བུའི་བོད་ནས་བསླེབས་པའི་ཕྱི་ལོགས་བོད་རིགས་ཁྲི་ཕྲག་ཁ་ཤས་ཀྱིས་བོད་ནང་གི་རང་རང་གི་ཕ་མ་སྤུན་མཆེད་ཚོར་མུ་མཐུད་དུ་འབྲེལ་བ་བྱེད་ཐུབ་རྒྱུ་ཡིན་ལ། ཕྱི་ལོགས་བོད་མིའི་ཁྲོད་ཀྱི་ཆོས་དང་ཤེས་རིག་གི་ཕྱོགས་སུ་ཡོན་ཏན་དང་ཉམས་མྱོང་ཡོད་མཁན་ཚོས་ཀྱང་མུ་མཐུད་དེ་བོད་ནང་གི་བོད་རིགས་ཚོར་ལེགས་བྱང་དེ་ཚོ་བརྒྱུད་སྤྲོད་བྱེད་ཐུབ་པ་དང་། བོད་ནང་གི་བོད་མི་ཆོས་རིག་ཤེས་ལྡན་པ་དང་སྤྱི་ཚོགས་ཞབས་ཞུ་བ། ཚོང་བ་དང་སྒྱུ་རྩལ་བ་སོགས་ཀྱིས་ཀྱང་རང་རང་གི་ཤེས་བྱ་རིག་པའི་ཡོན་ཏན་དང་འཇོན་ནུས་དེ་ཚོ་ཕྱི་ལོགས་བོད་མིའི་སྤྱི་ཚོགས་སུ་ཁྱབ་སྤེལ་བྱེད་པའི་ལམ་ཁ་ཞིག་ཡོད།

ང་ལ་མཚོན་ན་བོད་ཕྱི་ལོགས་སུ་ཡོད་པའི་རང་གི་གྲོགས་པོ་ཚང་མར་ཡང་འབྲེལ་བ་བྱེད་ས་དེ་སྐད་འཕྲིན་ཡིན་ཞིང་། དེ་ནི་ང་གཅིག་པོ་མ་ཡིན་པར་ཕྱིར་སྡོད་བོད་མི་རྒན་དར་གཞོན་མང་པོ་ཞིག་གི་ཕན་ཚུན་འབྲེལ་བ་བྱེད་ས་ཡང་སྐད་འཕྲིན་འདི་ཡིན་པར་ངེས།

སྲིད་དོན་གྱི་གསང་བ་ཕྱིར་གྱར་ཞེས་པ་དེ་ལ་མཐའ་དང་ཚད་ཅིག་འཇོག་རྒྱུ་མེད་པ་དང་། སྐད་འཕྲིན་བཟོ་མཁན་ Allen Zhang ཞེས་པ་དེ་རྒྱ་རིགས་ཤིག་ཡིན་པ་ཅི་བཞིན་དུ། Yahoo གློག་འཕྲིན་བཟོ་མཁན་Jerry Yang ཞེས་པ་འདི་ཡང་ཐེ་ཝན་ནས་ཡིན་པའི་རྒྱ་རིགས་ཤིག་ཡིན་པ་དང་། ངོ་དེབ་ Facebook བཟོ་མཁན་Mark Elliot Zuckerberg གྱི་སྐྱེས་སྨན་ཡང་རྒྱ་རིགས་ཤིག་ཡིན། དེ་བཞིན་འཛོམས་  Zoom བཟོ་མཁན་ Eric Yuan ཡང་རྒྱ་རིགས་ཤིག་རེད་འདུག ད་ལྟ་བོད་མི་མང་པོ་ཞིག་བྲེལ་བྲེལ་འཚབ་འཚབ་ཏུ་གནས་སྤོ་བྱེད་ཡུལ་ Ding Talk ཞེས་པ་འདི་ཡང་རྒྱ་རིགས་ཚོང་པ་འབྱོར་ལྡན་ Jack Ma ཡི་ཚོང་ཚོགས་ Alibaba ཡིས་བཟོས་པ་ཞིག་རེད་འདུག་པས། གུ་རུ་རིན་པོ་ཆེས། མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ༔  ཞེས་པའི་མ་འོངས་ལུང་བསྟན་དེ་ཡང་ཡིད་ལ་མི་དྲན་རང་དྲན་རེད་འདུག་ག

སྤྱི་ཚོགས་འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་མི་སྒེར་གྱི་གསང་བ་རྒྱལ་ཁབ་གཅིག་ནས་གཅིག་ལ་སྤྲོད་པ་ཡང་དེ་སྔོན་གྲངས་ལས་འདས་པ་ཞིག་བྱུང་ཡོད་པས། སྐད་འཕྲིན་འདི་བཀག་པ་ཙམ་གྱིས་ང་ཚོའི་གསང་བ་ཕྱིར་གྱར་མི་འགྲོ་བ་ཞིག་ཡོད་མེད་ཀྱང་བཤད་ཚོད་མི་ཐིགས། མཐའ་སྡོམ་སྐད་འཕྲིན་འདི་རྒྱལ་ཁབ་གང་ཞིག་གིས་བཀག་འགོག་བྱས་པ་ཡིན་ཡང་། དེས་བོད་ནས་བསླེབས་པའི་བོད་མི་ཕྱིར་སྡོད་པ་ཚོ་དང་བོད་དུ་བཞུགས་པའི་དེ་ཚོའི་ནང་མི་སྤུན་མཆེད་དང་རིགས་གཅིག་བོད་མིའི་བར་གྱི་མཛའ་འབྲེལ་ལ་ཕན་ཐོགས་དང་གནོད་པ་གཉིས་ལས་གནོད་པ་ཆེ་བ་ནི་མངོན་སུམ་མྱོང་གྲུབ་ཡིན་པར་འདོད་ལ། སྐད་འཕྲིན་ཞེས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་འདིའི་དགེ་མཚན་དང་ནག་ཉེས་གཉིས་ལས་དགེ་མཚན་གྱིས་བརྒྱ་ཆ་བརྒྱད་ཅུ་ཡན་ཆད་ཟིན་ཡོད་པར་འདོད་ཅིང་། འདི་ནི་ཁོ་བོ་མི་སྒེར་བ་ཞིག་གིས་འདས་པའི་ལོ་བདུན་བརྒྱད་ཅིག་གི་རིང་ལ་སྐད་འཕྲིན་བེད་སྤྱོད་བྱས་པའི་ཉམས་མྱོང་གཞིར་བཞག་ནས་བརྗོད་པ་ཞིག་ཡིན་ཞིང་། བྱ་བ་གང་ཞིག་ཡིན་ཡང་དོན་དག་གལ་ཆེ་ས་དང་མ་འོངས་པར་བསམ་བློ་གཏོང་དགོས་པ་ཞིག་ཡིན་པས། རྩོམ་ཐུང་འདིས་སྐད་འཕྲིན་བེད་སྤྱོད་གཏོང་མཁན་ཁྱེད་ལ་ཡང་བསམ་གཞིག་གི་སྒོ་མོ་ཞིག་ཕྱེས་ཡོད་པར་འདོད་ལ། དེ་བཞིན་སྐད་འཕྲིན་བརྒྱུད་ནས་གསང་བ་ཕྱིར་ཤོར་དང་བཟའ་ཚང་ཁ་བྲལ། དུས་ཚོད་ཆུད་ཟོས་དང་སྤྱི་ཚོགས་ཟང་ཟིང་བཟོས་པ་སོགས་ཡོད་པ་ཡང་ཁོ་བོས་ཁས་ལེན་བྱེད་ཀྱི་ཡོད་དོ།།

སྐད་ཅིག་མ་མི་རྟག་པའི་མཚན་ཉིད་དང་འགྱུར་ལྡོག་ཡོད་པ་འཇིག་རྟེན་ཆོས་ཉིད་ཡིན་པའི་གཏན་ཚིག་གི་མེ་ལོང་འདིའི་ནང་དུ་བལྟས་ན། སྐད་འཕྲིན་ཞེས་པའི་སྤྱི་ཚོགས་འབྲེལ་ལམ་སྟབས་བདེ་བོ་འདི་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མེད་པར་འགྱུར་བའི་ལྡོག་མེད་ཀྱི་སྤྱི་འགྲོས་འདིའི་ཀློང་དུ་འཁོར་སྐྱོད་བྱེད་རྒྱུ་ཡིན་པ་ནི་སུས་ཀྱང་བཀག་འགོག་བྱེད་མི་ཐུབ་ལ། ད་ལྟ་ང་དང་ང་འདྲ་བ་མང་པོ་ཞིག་ Ding Talk འམ་གཤོག་འཕྲིན་ཞེས་པ་ཞིག་གི་ཕྱོགས་སུ་གོམ་པ་སྤོས་དང་སྤོ་བཞིན་ཡོད་པས། གལ་སྲིད་ཉི་མ་གཅིག་སྐད་འཕྲིན་སྤྱི་ཚོགས་བརྒྱུད་ལམ་འདི་བེད་སྤྱོད་མེད་པར་གྱུར་ན་ཡང་།  ང་ཚོར་སྔར་བཞིན་འབྲེལ་ལམ་ཀྱ་ཀྱུ་མ་དམ་ཙམ་ལྷོད་ཙམ་རེ་རྒྱུན་ཆད་མེད་པར་ཡོད་རྒྱུ་རེད་བསམས་སོ།།

བསྐྱར་བཅོས།: ༢༠༢༠/༠༩/༢༥

Leave a Reply