ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་།

སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར།

        ༢༠༢༠ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གུས་ཅག་སྤྱི་འཐུས་རྒྱུན་ལས་རྣམ་པའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གསལ་བསྒྲགས་སྤེལ་བ་དང་། དེ་མ་ཐག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པའི་རྒྱུ་མཚན་འཁོད་པའི་གསལ་བསྒྲགས་ཡང་སྤེལ་ཡོད་པ་ཀུན་གསལ་བཞིན། ཕྱོགས་གཉིས་ཀྱི་གསལ་བསྒྲགས་རྣམས་ཞིབ་ཏུ་མཇལ་ན་གནས་ཚུལ་ཆ་ཚང་བ་གོ་རྟོགས་ཡོང་ངེས་པས། མི་མང་ནས་ཐུགས་སྣང་ཞིབ་ཚགས་ཡོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་ཁྲོད་རང་རེའི་ཁྲིམས་སྒྲིག་ཀུན་གྱི་རྒྱལ་པོ་བཅའ་ཁྲིམས་རིན་པོ་ཆེར་སློབ་སྦྱོང་བྱེད་མཁན་དང་། རྒྱུས་མྱོང་ཤེས་རྟོགས་ཅན་ཉུང་བ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྗེས་ལུས་ཀྱི་རྣམ་པ་གསལ་པོ་ཞིག་ཡིན། ད་ཐེངས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ། རྒྱུན་ལས་ལྷན་རྒྱས་ཀྱི་ལས་དོན་གནང་ཕྱོགས་ནང་ཐད་ཀར་ཕྱག་བརྐྱངས་བ་ལ་བརྟེན་ནས་བྱུང་བའི་གནད་དོན་འདི། བཅའ་ཁྲིམས་དང་མང་གཙོ་ཀ་བ་གསུམ་གྱི་ས་མཚམས་དང་འབྲེལ་བའི་རྩོད་གླེང་གནད་འགག་ཅན་ཞིག་ཡིན་པས། ཉམས་མྱོང་འདི་རིགས་ཀྱིས་ལས་ཀྱི་སྣེ་མོ་བ་དང་མི་མང་གཉིས་ཀའི་ཁྲིམས་ཀྱི་ཤེས་རྟོགས་གོང་འཕེལ་ལ་ཕན་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་ཚད་ཡར་རྒྱས་ལ་སྒུལ་ཤུགས་གཏོང་ཐུབ་པས། གནད་དོན་འདི་རིགས་གླེང་སློང་གནང་སྐབས་གཟུ་བོར་གནས་ཤིང་ཕུགས་དམིགས་སྤྱི་པར་ཕན་པ་ཞིག་གི་ཐོག་ཏུ་འབབ་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་གལ།

གུས་ནས་སྐབས་འདིར། སྙིང་པོ་བསྡུས་ནས་བརྗོད་ན། གནད་དོན་གསུམ་དུ་འདུ་སྟེ།

༡ ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་གཏོང་རྒྱུའི་དབང་ཚད་ཡོད་མེད།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་འདིར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཁག་ཏག་ཏག་ཡིན་མིན།

༣ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་ཅི་ལྟར་ཡོད་མེད་བཅས་རེད།

དེ་ལས།

༡ ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་གཏོང་རྒྱུའི་དབང་ཚད་ཡོད་མེད་ཐད། བཅའ་ཁྲིམས་ཀྱི་ཁུངས་ལུང་ལྡན་པའི་ལྟ་སྟངས་འདི་ལྟར་ཡིན།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་གནང་བ་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དང་འགལ་འདུག བཅའ་ཁྲིམས་དང་འགལ་བ་བྱུང་ཚེ་ཁྲིམས་ཞིབ་ཁང་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་པས། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ཚན་ ༦ ནང་གསེས་༼༤༥༽དང་དོན་ཚན་ ༦༩ ནང་གསེས་ ༼ཏ༽ འོག་ཁྲིམས་ཀྱི་ངོས་བཞེས་ཟེར་པ་བརྒྱུད། ཐད་ཀར་བཀའ་བཏང་བ་ཡིན་སྟབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་ཚུལ་དང་། དོན་ཚན་ ༦༩ ནང་གསེས་༼ཏ་༽འོག་ཁྲིམས་ཀྱི་ངོས་བཞེས་ཟེར་པ་བརྒྱུད་དེ་ཐད་ཀར་བཀའ་ཁྱབ། བརྡ་ཐོ་སོགས་བཏང་བ་ནི། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལས་བརྒལ་འདུག་པས། ཁྲིམས་ཀྱི་ངོས་བཞེས་ཟེར་པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ ༦༩ ནང་གསེས་༼ཏ༽ཟེར་པ་སོགས་ཁྲིམས་ཞིབ་ཁང་རང་གིས་རང་ལ་དབང་ཚད་གསར་སྣོན་བྱས་པ་ཞིག་རེད་འདུག། བཅའ་ཁྲིམས་ལས་བསྐུར་པའི་དབང་ཚད་དང་བརྒལ་བའི་ལས་དོན་རིགས་ཁྲིམས་ཞིབ་ཁང་གིས་གནང་མི་ཆོག་ཅེས་གསལ་བཤད་གསལ་འདེབས་ག་ཚོད་ཞུས་ཀྱང་། ཁྱོན་ནས་གསན་འཇོག་མ་གནང་བར། ཁྲིམས་ཞིབ་ཁང་རང་གི་འདོད་ཕྱོགས་ལྟར་གང་བྱུང་གནང་ཐལ་གྱུར་ཟིན་པས། གཙོ་བོ་བཅའ་ཁྲིམས་ལས་བརྒལ་བའི་ཐག་གཅོད་དེ་ཁས་ལེན་ཞུ་རྩ་གང་ཡང་མ་མཐོང་།

གུས་ནས་ ༡༩༩༡ ལོར་བཅའ་ཁྲིམས་ཐོག་མར་གཏན་འབེབས་སྐབས་ཀྱི་གྲོས་ཚོགས་ཀྱི་སྒྲ་བཤུས་ལ་ཡང་ཡང་ཞིབ་ཉན་དང་། བཅའ་ཁྲིམས་རིན་པོ་ཆེའི་འགྲེལ་བརྗོད་རྒྱས་བསྡུས་གཉིས་སོགས་འབྲེལ་ཡོད་ཡིག་ཚགས་དང་གཏམ་བཤད་མང་པོར་ཞིབ་འཇུག་ཞུས་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་རིན་པོ་ཆེས་ཁྲིམས་ཀྱི་ངོས་བཞེས་ཟེར་པ་དང་། དེ་ལག་བསྟར་ཆེད་བཟོས་པའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ཚན་ ༦༩ ནང་གསེས་༼ཏ༽ཟེར་པ་ལྟ་བུའི་དབང་ཚད་དང་། ཡང་ན་དེ་དང་ཆ་འདྲ་བའི་དབང་ཚད་ཅིག་གཏན་ནས་སྤྲད་མི་འདུག་པས། ཁྲིམས་ཞིབ་ཁང་རང་གིས་རང་ལ་ལག་པ་ཐེ་བ་ཞིག་བཏགས་འདུག་པ་ཤེས་འཕྲལ་ཧ་ཅང་སྐྱི་གཡའ་བར་གྱུར།

རིང་པོ་ནས་ཞུ་མ་དགོས་པར། ཉེ་སྔོན་ཁ་མཆུ་ཨང་ ༢༠ སྐབས་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་མཁན་མི་དགོས་པར། ཐད་ཀར་ཕྱག་བརྐྱངས་ཆོག་པའི་དབང་ཚད་ཅིག་ཡོད་ན། བཀའ་ཤག་གི་ཁྲིམས་རྩོད་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་ཞུ་སྦྱོར་པས་ཁྲིམས་ཞིབ་ཁང་དུ་མ་ཞུས་པར་སྒུག་དགོས་དོན་མེད་ལ། ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༠ དྲང་པོ་མ་བྱུང་ཚུལ་གྱི་ས་ཡིག་འཁོད་པའི་ཡི་གེ་བཀྲམས་པ་དག་ཀྱང་། ཁྲིམས་ཞིབ་ཁང་ལ་བརྒྱུད་སྤྲོད་ཞུ་མཁན་ཞིག་མ་བྱུང་ཡང་ཐད་ཀར་ཕྱག་བརྐྱངས་ཏེ་ཐག་གཅོད་གནང་མ་ཆོག་པ་གང་ཡོད་ཀྱང་། དེང་སང་གཞི་ནས་ཕྱག་རིང་པོ་ཞིག་ཐད་ཀར་གང་སར་བརྐྱངས་ཆོག་ལུགས་གསུངས་པའི་མགོ་མཇུག་མི་མཚུངས་པའི་ཕྱག་ལས་གནང་སྟངས་འདི་རིགས་ཅུང་ཡ་མཚན་གྱི་གནས་སུ་ཆེ།

 ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་འདིར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཁག་ཏག་ཏག་ཡིན་མིན་ཐད། ལྟ་སྟངས་འདི་ལྟར་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ཕྱིར་འགྱངས་ནི། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༠ བར་འགལ་བར་ངོས་འཛིན་དང་། དོན་ཚན་ ༦ དང་དོན་ཚན་ ༤༩ ནང་གསེས་༼༢༽གཉིས་ཀར་འབྲེལ་བ་མེད་ཚུལ་གསུངས་ཡོད། དོན་ཚན་ ༤༠ ནང་ཚོགས་འདུ་སྔ་མ་གྲོལ་བ་ནས་ཟླ་དྲུག་ནང་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་ནའང་། དོན་ཚན་ ༤༩ ནང་གསེས་༼༢༽ནང་ཉུང་མཐའི་གྲངས་ཚད་མ་ལོངས་ན་ཉིན་བདུན་ལྷག་འཕར་འགྱངས་བྱེད་ཆོག་པ་བསྟན་ཡོད། མི་སུ་ཡིན་ཡང་། ཚོགས་འདུའི་ཉུང་མཐའི་གྲངས་ཚད་མི་ལོངས་རྐྱེན་གནས་སྟངས་ཛ་དྲག་ཅི་རིགས་ཡོང་ངེས་པར་མོས་མཐུན་བྱེད་ལ། ད་ལོ་ནད་ཡམས་ཀྱིས་ཉུང་མཐའི་གྲངས་ཚད་ལོངས་ཀྱི་མེད་པ་གསལ་པོ་ཡིན་སྟབས། དོན་ཚན་ ༤༠ ནང་གསལ་ལྟར་འཚོག་མ་ཐུབ་པས། དོན་ཚན་ ༤༩ ནང་གསེས་༼༢༽ལྟར་ཕྱིར་འགྱངས་མི་བྱེད་རང་བྱེད་ཆགས་པ་རེད། ཁྲིམས་སྒྲིག་གི་གོ་བ་ལེན་སྐབས་དོན་ཚན་གོང་འོག་མུ་སྦྲེལ་ནས་ལེན་དགོས་པ་གལ་ཆེན་ཡིན། ཉུང་མཐའི་གྲངས་ཚད་ལོངས་ཀྱི་མེད་པ་ཤེས་བཞིན་དུ། གྲོས་ཚོགས་ཚོགས་ཁང་ནང་ཚོགས་བཅར་ཐུབ་པ་རྣམས་སྐོང་འཚོགས་གནང་སྟེ་གཞི་ནས་ཕྱིར་འགྱངས་བྱེད་རྒྱུའི་གསལ་བསྒྲགས་དགོས་དོན་གང་ཡང་མ་མཐོང་ལ། དེ་ལྟར་གནང་ཚེ། བོད་དང་བོད་མིར་ཁེ་ཕན་ཏིལ་འབྲུ་ཙམ་མེད་ཁར། གཞུང་གྲོན་ཡང་འཕྲོ་བརླག་ཡིན། དེ་ཙམ་མ་ཟད། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༩ ནང་གསེས་༼༢༽རང་དུ་ཉུང་མཐའི་གྲངས་ཚད་ལོངས་མིན་ལྟ་སྐབས། ངེས་པར་ལུག་རྡེང་ལ་བཏགས་པ་ལྟར་གྲོས་ཚོགས་ཚོགས་ཁང་དུ་བཅར་ཐུབ་པ་རྣམས་སྐོང་སྟེ་གྲངས་ཀ་རྒྱག་དགོས་ཚུལ་རྩ་བ་ནས་བསྟན་མེད་ལ། དེ་ལྟའི་ཉུང་མཐའི་གྲངས་ཚད་ལོངས་མིན་ལྷན་ཚོགས་འཚོགས་ན་མ་གཏོགས་ལྟ་མི་ཆོག་པའི་བསྟན་དོན་ཏིལ་འབྲུ་ཙམ་མེད་པས། ཁྲིམས་ཞིབ་ཁང་གིས་ཨུ་ཚུགས་དེ་ལྟར་བསྐྱོན་པར་རྒྱུ་མཚན་གང་ཡང་མ་མཐོང་།

དེ་བཞིན་བཅའ་ཁྲིམས་དོན་ཚན་ ༦ པ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་དེ་རེད། དོན་ཚན་འདིས་བསྟན་དོན་ནི་ཐོག་མར་ཁྲིམས་སྒྲིག་བཟོ་འགོད་སྐབས་དང་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཡིན་ཡང་། གཏན་འབེབས་ཟིན་པའི་ཁྲིམས་སྒྲིག་ཁག་གི་དོན་ཚན་གང་ཡང་རུང་བ་ལག་བསྟར་སྐབས། ཡུལ་དུས་དང་སྐབས་ཐོག་གི་གནས་ཚུལ་གྱི་དབང་གིས་ཡུལ་ཁྲིམས་དང་འགལ་གཞི་ཆགས་ཚེ། དོན་ཚན་ ༦ དགོངས་དོན་འོག་དེར་གྲོས་བསྡུར་བྱ་དགོས་པ་སྨྲས་མེད་ཡིན་པས་འབྲེལ་བ་ཆགས་ཟིན། དེ་བཞིན་གཏན་འབེབས་ཟིན་པའི་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དགག་བྱའི་རྐྱེན་ལག་བསྟར་མ་ཐུབ་པ་ཡང་བྱུང་ཡོད་པ། དཔེར་ན། བཅའ་ཁྲིམས་དོན་ཚན་ ༨ དང་ནང་གསེས་ཁག་ལྟ་བུ་ཡིན། ནད་ཡམས་ཀྱི་རྐྱེན་པས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་སོ་སོའི་ཁྲིམས་དང་ལམ་སྟོན་གང་ཡིན་རྣམས་བསྐྱར་བརྗོད་མ་དགོས་པས། བསམ་ཞིབ་གང་ཡང་མེད་པར་འབྲེལ་བ་མི་འདུག་ཅེས་ཚིག་ཐག་བཅད་ནས་གསུངས་བབ་དེ་འདྲས་བོད་དང་བོད་མིར་ཅི་ཞིག་ཕན་ནམ།

༣ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་ཅི་ལྟར་ཡོད་མེད་ཐད། བཅའ་ཁྲིམས་ཀྱི་ཁུངས་ལུང་ལྡན་པའི་ལྟ་སྟངས་འདི་ལྟར་ཡིན།

མང་པོ་ཞིག་གིས་རགས་པ་རེ་ལས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱས་སྟབས། ཡང་ན་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་གྱི་གོམས་གཤིས་འཇགས་ཚར་ཙང་། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཞིན་ཁྲིམས་ཁང་ལྟ་བུ་ཞིག་མིན་ནམ་སྙམ་སྲིད། དེ་ནི་རྩ་བ་ནས་མ་རེད། དེའི་རྒྱུ་མཚན་བཅའ་ཁྲིམས་འགྲེལ་བརྗོད་ནང་” བོད་མི་རྣམས་བཙན་བྱོལ་དུ་ཡོད་པ་དང༌།  གནས་ཡུལ་རྒྱལ་ཁབ་ཏུ་བཙན་བྱོལ་གཞུང་གི་ངོས་ལེན་ཁྲིམས་ཐོག་ནས་གསལ་པོ་མེད་པ་བཅས་ལ་བརྟེན།  གཞི་རྩའི་ནག་ཉེས་དང་སྤྱི་ཚོགས་ཀྱི་ཁྲིམས་ཀྱི་ཐོག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་ཀྱི་འོག་འགྲོ་རྒྱུ་ལས། ཟུར་དུ་ཁྲིམས་གཏུགས་ཁྲིམས་བཅད་མི་ཆོག་པ་བཅས་གནས་ཚུལ་དུ་མའི་དབང་གིས་ཁྲིམས་ཁང་ (Court) འཛིན་སྐྱོང་ཆོག་མིན་སྟབས། ཁྲིམས་ཁང་གི་ཚབ་ཏུ་ཁྲིམས་ཞིབ་ཁང་(Justice Commission) གི་ཐ་སྙད་སྦྱར་ཞིང༌། ”ཞེས་པས་གསལ་བཤད་ཐུབ་ལ། བཅའ་ཁྲིམས་དོན་ཚན་ ༦༦ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཀྱི་ནང་གསེས་ ༢ ༼ཀ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་། ཞེས་པས་བསྟན་དོན་ཀྱང་། ཁྲིམས་ཞིབ་ཁང་རང་ཉིད་རྩོད་གླེང་བྱེད་མཁན་གྱི་ཕྱོགས་གཅིག་ཆགས་ཚེ་ཁྲིམས་ཞིབ་ཁང་གིས་གང་གསུངས་ལྟར་ཡིན་ན། དུས་དང་རྣམ་པ་ཀུན་ཏུ་དྲང་པོ་ཡོང་སྲིད་དམ། དེ་ལ་ཡོང་གི་རེད་ཅེས་སུས་ཁ་ཚོན་བཅད་དེ་གསུངས་ཐུབ་བམ། ཐུབ་ཀྱི་མ་རེད་སྙམ།

༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་རྩིས་སྤྲོད་མ་གནང་སྔོན། བཅའ་ཁྲིམས་དོན་ཚན་ ༦༨ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསམ་འཆར་བཞེས་འབུལ་ཞེས་པའི་ནང་གསེས་༼༡༽ བཅའ་ཁྲིམས་འདིའི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་། ཞེས་དང་།  ནང་གསེས་༼༣༽ གཞན་ཡང་ཁྲིམས་སྒྲིག་དང་འབྲེལ་བའི་ལས་དོན་དོགས་གཞི་ཅན་བྱུང་བ་བཅས། དགོས་གལ་ནམ་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་སྐོར་བསམ་འཆར་སྙན་འབུལ་ཞུ་དགོས་པ་ཡིན། ཞེས་གསལ་བ་ཕྱིས་སུ་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ སྐབས་ཕྱིར་བསྡུ་ཟིན་ཡང་། གོང་གསལ་དོན་ཚན་ ༦༨ པས་བསྟན་ཡོད་པ་ནི་ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བཅའ་སྒྲིག་ཁག་གི་ནང་དོན་ལ་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་མེད་པ་གསལ་པོ་རེད། དོན་ཚན་འདི་ཕྱིར་བསྡུ་ཟིན་ཀྱང་ཕྱིས་སུ་དོན་ཚན་གང་དུའང་བསྣན་མེད་པས། ད་ལྟ་ཁྲིམས་ཞིབ་ཁང་རང་གིས་རང་ལ་དབང་ཚད་བསྣན་པའི་ཁྲིམས་ཀྱི་ངོས་བཞེས་ཟེར་པ་སོགས་ལ་གཞི་རྩ་གང་ཡང་མེད་པ་གནད་འདི་ལས་ཀྱང་ཤེས་ཐུབ་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་ཐག་གཅོད་ཀྱི་དབང་ཚད་ཡོད་སྟངས་ཀྱང། ཚིག་དོན་འགྲེལ་བརྗོད་ཀྱི་རྩོད་གླེང་བྱུང་བ་ཞུ་གཏུག་བྱས་པ་ལས་བྱུང་དགོས་པ་གསལ་པོ་རེད་ལ། ཞལ་བཞེས་ཀྱང་ངེས་པར་གནང་དགོས་པ་རེད་འདོད།

འོན་ཀྱང་། ཁྲིམས་ཞིབ་ཁང་རང་ཉིད་ནས་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཏག་ཏག་མ་བསྡད་སྐབས་ཅི་ལྟར་བྱ་མིན་དང་། ཁྲིམས་ཞིབ་ཁང་རང་ཉིད་དང་ཀ་བ་གཞན་གྱི་བར་དེ་ལྟའི་རྩོད་གླེང་བྱུང་ཚེ་ཐག་གཅོད་ཅི་ལྟར་བྱ་མིན། ཁྲིམས་ཞིབ་ཁང་རང་ཉིད་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ཀྱི་ཁུངས་གཏུག་ས་གང་ཡིན་ད་ལྟའི་ཆར་ཁ་གསལ་མེད་པ་བཅས་ནི་མ་འོངས་པར་གསལ་བཟོ་དགོས་ངེས་ཀྱི་གནད་དོན་ཁག་ཏུ་མཐོང་།

མཇུག་བསྡུ་བ།

བཅའ་ཁྲིམས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཞིག་ཏུ་སོང་། དམ་བཅའ་བླངས་ཟིན་པའི་སྤྱི་འཐུས་ཤིག་ཡིན་ན། དེའི་ཐད་ཁུངས་ལུང་ལྡན་པའི་ལྟ་ཚུལ་ཞིག་དགོས་པ་སྨྲོས་མེད་རེད། རྒྱ་ཆེ་མི་མང་གིས་གསན་གཟིགས་བདེ་ཆེད་རྒྱས་བརྗོད་མེད་པའི་བསམ་ཚུལ་བསྡུས་པ་ཞིག་ཡིག་ཐོག་ནས་འབུལ་ལམ་དགོས་པ་འགངས་ཆེར་མཐོང་། གུས་པའི་ཤེས་ཚོད་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རང་གིས་རང་ལ་བསྣན་པའི་དབང་ཚད་སྤྱད་དེ། གུས་ཅག་བཅའ་ཁྲིམས་དང་འགལ་མཁན། དམ་བཅའ་མི་བརྩི་མཁན་དུ་ཐེ་ཚོམ་གང་ཡང་མེད་པར་བསྒྲགས་རྒྱུ་ཡིན་པ་དེ་སྔ་ནས་གསུངས་པ་མ་ཟད། ཉེ་སྔོན་ནས་བཏང་བའི་བརྡ་ཐོ་ཟེར་པའི་ནང་གདམ་བྱ་འདེམས་བྱེད་གཉིས་ཀའི་ཐོབ་ཐང་འཕྲོག་ངེས་པ་ཚིག་ཐག་བཅད་འདུག་ཀྱང་། སྐབས་མཚམས་འདེམས་བྱེད་ལས་ཕྲོགས་མི་འདུག་པ་ནི། དབུགས་བརྡོལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཆེས་མཐོའི་ཁྲིམས་ཁང་ལ་རང་ཉིད་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་པ་དང་། ཐད་ཀར་གང་སར་ཕྱག་བརྐྱངས་ཆོག་པའི་ཁྲིམས་ཀྱི་ངོས་བཞེས་ཟེར་པའི་དབང་ཚད་ཡོད་པའི་སྒྲུབ་བྱེད་བཅའ་ཁྲིམས་ལས་སྟོན་རྒྱུ་ཡོད་པ་དང་། གཞན་ཡང་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༦ དང་དོན་ཚན་ ༤༩ ནང་གསེས་༼༢༽ གཉིས་ཀྱི་འགྲེལ་བརྗོད་ཚད་འཕེར་ཁུངས་ལུང་ལྡན་པ་ལད་མོ་མིན་པ་ཞིག་ཡོད་ན་གུས་བརྩི་མི་ཞུ་མཁན་ག་ལ་སྲིད།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply

19 thoughts on “ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་།

  1. ཁྲིམས་ཞིབ་ཁང་གི་དྲུང་ཆེ་དེར་ནག་ཁུང་ནང་ལས་ཡ་མང་པོ་ཡོད་སྐད་འདུག

    སྤེན་ཚེར་རྒྱབ་སྐྱོར་མ་བྱས་པས་་་སྐུ་ངོ་ཤར་ཁུག་ལ་ཉན་ཞིབ་འཚོག་དགོས་ཀྱི་འདུག་ལབ

    སྤེན་ཚེ་སྲིད་སྐྱོང་མི་ཐོབ་པ་དང་་་བཀའ་བློན་ཡང་མི་ཐོབ་པས་་་་སྤྱི་འཐུས་རྒྱུན་ལས་ཚོ་གདམ་བྱ་འདེམས་བྱེད་བཀག་བསྐྱིལ་བྱེད་ཀྱི་ཡིན་ལབ་་་

    ཁྲིམས་དཔོན་རྣམ་པར་གང་བྱུང་མང་བྱུང་ཞུ་གི་ཡོད་ས་རེད།་་

    དེ་སྔ་ཁ་མཆུ་ཨང་་་༢༠ སྐབས་་་སྤེན་པ་ཚེ་རིང་ལྐོག་འབྲེལ་་་་དང་ལྐོག་འཕྲད་ཀྱིས་་་ཡིག་ཆ་ཚུན་བཟོ་རོགས་བྱས་པའི་ལོ་རྒྱུས་མང་པོ་འདུག་གདའ་་་་ད་ཡིན་ན་ཡག་པོ་རེད་་་་