ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་རེད།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་གནང་རྒྱུ་དང་། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབ་གནང་ཡོད་ཀྱང་། གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུའི་ཐག་གཅོད་གནང་ཡོད་སྐོར་བསྒྲགས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་ཐོག དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཚུལ་ཁྲིམས་བསྟན་པ་ཟེར་བ་ཞིག་གིས་ངོ་དེབ་བརྒྱུད་༧གོང་ས་མཆོག་གི་བཀའ་ཡིག་དང་བཀའ་ཐམ་རྫུན་བཟོ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཡོད་སྐོར་གསུངས་པ་དང་འབྲེལ།  ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་དེབ་སྐྱེལ་ཐོ་འགོད་ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༠ ཚེས་ ༡༥ བར་གནང་གི་ཡོད་པ་ལྟར། ཕྱི་ཚེས་ ༢༤ བར་ས་གནས་ཁག་ ༣༠ ནས་དེབ་འགོད་ཟིན་པའི་གྲངས་འབོར་མི་གྲངས་ ༣༦༣༦༧ བྱུང་ཡོད་པ་དང་། ད་དུང་མུ་མཐུད་ཕྱི་ཟླ་ ༡༠ ཚེས་ ༡༥ བར་གནང་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་མིང་གཞུང་སྣོན་འཕྲི་སོགས་གནང་རྒྱུ་ཡིན་ལ། ས་གནས་འོས་བསྡུའི་འགན་འཛིན་དང་འོས་བསྡུའི་ཚོགས་མི་རྣམས། དེ་བཞིན། དེབ་འགོད་འགན་འཛིན་རྣམ་པས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ལ་གདོང་ལེན་གྱིས་དེབ་འགོད་ཚ་ཚ་འུར་འུར་འགྲོ་ཡི་ཡོད་སྐོར་གསུངས་སོང་།

དབུས་འོས་བསྡུ་ལས་ཁང་གི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་གཏན་འབེབས་དང་དུས་ཚོད་སོགས་གསར་འགོད་གསལ་བསྒྲགས་གནང་བའི་ནང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༤ པའི་ནང་ ”དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང༌། དཔྱ་དངུལ་འབུལ་ཚད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་ཞེས་པའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་གནང་ཡོད་ཀྱང་།  གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུ་དང་། གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ་དེ་གཉིས་ལ་འོས་གཞིར་ཐག་གཅོད་གནང་རྒྱུ་ཡིན་ལ།  སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༣ ཉིན་དང་། དངོས་གཞི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༤ ཚེས་ ༡༡ ཉིན་གནང་རྒྱུ་དང་།  ཕྱི་ཟླ་ ༤ ཚེས་ ༡༣ ནས་ ༡༩ བར་ས་གནས་ཁག་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གྲུབ་པ་གནང་གཏན་འཁེལ་འདུག་ལ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གསར་དུ་བདམས་ཐོན་བྱུང་བའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་གཞུང་གསལ་བསྒྲགས་དང་། ཕྱི་ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དམ་འབུལ་མཛད་སྒོ་འཚོག་རྒྱུ་ཡིན་འདུག

མཇུག་ཏུ་དྲི་བ་དྲིས་ལན་གྱི་སྐབས་སུ་གསར་འགོད་པ་ཞིག་གིས་ས་གནས་ཁག་ནས་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་ཀྱི་དུས་ཚོད་དང་། ཨ་རིའི་ནང་གི་དཀའ་ངལ་སྐོར་དྲིས་པར་འོས་བསྡུའི་འགན་འཛིན་ལགས་ཀྱིས། དང་པོ་དེར་འོས་འཕངས་ཚར་བ་དང་ཆུ་ཚོད་ ༢༤ རིང་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་བྱ་ཆོག་གི་མ་རེད། དེ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ནང་གི་གསར་པ་རེད། གྲངས་བཤེར་གྲུབ་པ་དང་ཆུ་ཚོད་ ༢༤ ནང་ཚུད་དུ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་དགོས་ཀྱི་ཡོད་པ་ལྟར་ང་ཚོས་དེ་མཚུངས་བཞིན་ལག་བསྟར་བྱ་རྒྱུ་ཡིན། ཨ་རིའི་ནང་གི་གནས་བབ་དེ་དངོས་གནས་རང་རེད། ད་ལྟའི་ཆར་ཨ་རིར་ཆ་བཞག་ན་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༡ ཡོད་པ་དང་སྤྱི་མཐུན་ཚོགས་པ་མེད་པའི་ས་ཁུལ་མི་འདྲ་བ་མང་པོ་ཡོད་པ་རེད། ཨ་རི་དང་ཁེ་ན་ཌ་རྒྱལ་ཡོངས་ནང་ཆགས་བསྡད་ཡོད་དུས་རང་བཞིན་གྱིས་དཀའ་ངལ་ཞིག་ཆགས་བསྡད་ཡོད། དེར་བརྟེན། འོས་ཤོག་ཚུར་འཁྱེར་རྒྱུ་དང་ལམ་བར་ནས་འོས་ཤོག་བརླག་སྲིད་པ་སོགས་ཀྱི་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་སྟབས། འོས་བསྡུ་ལས་ཁང་ནས་དཀའ་ངལ་དེ་སེལ་བར་ཐོག་མ་ནས་འཆར་གཞི་སྒྲིག་བཞིན་ཡོད་པ་དང་རྗེས་སུ་གསལ་བོ་ཡོང་གི་ཡོད། ཅེས་གསུངས་སོང་།

ཡང་ཉེ་སྔོན་སྤྱི་འཐུས་རྒྱུན་ལས་གྲངས་ ༡༡ གི་འདེབས་བྱེད་ཀྱི་ཐོབ་ཐང་མེད་པར་བཟོས་པ་དང་འབྲེལ་ཏེ། དབུས་འོས་བསྡུ་ལས་ཁང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཀྱི་ངོས་བཤུས་འབྱོར་ཡོད་མེད་དང་གལ་སྲིད་འབྱོར་ཡོད་ཚེ་ལག་བསྟར་ཇི་ལྟར་གནང་རྩིས་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་ཁ་སང་ཁེ་ཉིན་རང་གནང་བ་ཞིག་ཡིན་དུས། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་ནང་ཁུལ་གྲོས་བསྡུར་བྱས་ཏེ་ལངས་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་ཞུ་དགོས་ཀྱི་ཡོད་པ་རེད། དེར་བརྟེན། ངས་དེ་རིང་འདི་ནས་གསལ་པོ་བྱས་ནས་ཞུ་ཐུབ་པའི་གནས་སྟངས་ཤིག་མི་འདུག ཅེས་གསུངས་སོང་།

ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱིས་འོས་བསྡུའི་ལས་རིམ་ལ་འགོག་རྐྱེན་འཕྲད་ཚེ། ཐབས་ལམ་ག་འདྲ་ཡོད་མེད་དྲིས་པ་ཁོང་གིས། དེང་སང་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཙམ་མ་ཡིན་པར་མི་རང་གིས་བཟོས་པའི་དམག་འཐབ་དང་འབྱུང་བའི་དཀའ་ངལ་སོགས་དངོས་འབྲེལ་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་བསླེབས་ཡོད། ཡིན་ནའང་། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༥ ཉིན་དབུས་འོས་བསྡུ་ལས་ཁང་ངོས་ནས་ཐོག་མར་ཞུས་པ་བཞིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་མི་མང་ལ་མར་དམངས་གཙོ་གསོལ་རས་གནང་བཞག་པ་དེ་རྩ་ཆེན་ལ་རྩིས་ཏེ། ད་ལྟའི་བར་དུ་ལམ་རིམ་འགྲོ་ཐུབ་ཡོད་པ་དང་། མ་འོངས་པར་དཀའ་ངལ་ག་རེ་འཕྲད་ཀྱང་ང་ཚོས་གདོང་ལེན་བྱས་ཏེ་བརྒྱ་ཆ་བརྒྱ་ལས་རིམ་འགྲོ་ཐུབ་པ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༨

Leave a Reply

2 thoughts on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་ཕྱི་ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་རེད།

  1. ཁྲིམས་ཞིབ་ཁང་གིས་དབུས་འོས་བསྡུ་ལྷན་ཁང་ལ། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལག་བསྟར་དུས་ཐོག་མ་གནང་བའི་ཆད་པ་གཅོད་སྲིད། དབུས་བསྡུ་འགན་འཛིན་ཁྲིམས་ཞིབ་ཁང་ལ་ཉན་ཞིབ་འབོད་འགུག་གནང་སྲིད་པ་རེད་འདུག

  2. འོས་བསྡུ་འགན་འཛིན་ནས་་་ག་རེ་གསུང་གི་ཡོད་རེད་་་་་

    (( ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་ཁ་སང་ཁེ་ཉིན་རང་གནང་བ་ཞིག་ཡིན་དུས། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་ནང་ཁུལ་གྲོས་བསྡུར་བྱས་ཏེ་ལངས་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་ཞུ་དགོས་ཀྱི་ཡོད་པ་རེད། ))))) དེར་བརྟེན། ངས་དེ་རིང་འདི་ནས་གསལ་པོ་བྱས་ནས་ཞུ་ཐུབ་པའི་གནས་སྟངས་ཤིག་མི་འདུག ཅེས་གསུངས་སོང་།

    ཧཧཧཧཧ གྲོས་བསྡུར་བྱས་ཏེ་ལངས་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་ཞུ་དགོས་ཀྱི་ཡོད་པ་རེད་་་་་གསུངས་པ་་་་་་འོས་བསྡུའི་འགན་འཛིན་ལ་་་་་སྲིད་སྐྱོང་བློ་སེང་གིས་བཀའ་ངངགས་གནང་བ་རེད་ཝེ་་་་ཧཧཧཧ་་་

    གང་བྱུང་ང་བྱུང་་་་དེ་་འདྲ་་