ལོ་རྗེས་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མ་ལེ་ཤི་ཡ་དང་སིངྒ་པུར་ནང་ཕེབས་འདུན་ཡོད་སྐོར་གསུངས།

ཁ་ཆེ་དང་ནང་པའི་དབར་གྱི་བགྲོ་མོལ་སྐབས་༧གོང་ས་མཆོག་གིས་ང་ཚོའི་འཚོ་གནས་ཀྱི་རྩ་བ་གཙོ་བོ་གཅིག་ནི་བྱམས་སྙིང་རྗེ་ཡིན་པས་ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་གསུང་གིན་ཡོད་པ་རེད་ཅེས་གསུངས་བྱུང་།དེ་རིང་ཕྱི་ཚེས་ ༢༨ ཉིན། མ་ལེ་ཤི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མ་ལེ་ཤི་ཡའི་ཁ་ཆེ་གཞོན་སྐྱེས་ཀྱི་ལས་འགུལ་ཞེས་པའི་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཁ་ཆེ་དང་ནང་པའི་དབར་གྱི་བགྲོ་མོལ་ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་ལགས་དང་ལྷན་དུ་དྲ་ལམ་བརྒྱུད་གསུང་མོལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ད་ལྟའི་འཛམ་གླིང་འདིའི་ཐོག་གི་དངོས་ཡོད་ཀྱི་དཀའ་ངལ་དེ་དག་སེལ་བའི་ཐབས་གཅིག་པུ་དེ་ནི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་པ་དང་། སྐྱེ་བ་ནས་བཟུང་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ་དང་། ང་ཚོའི་འཚོ་གནས་ཀྱི་རྩ་བ་གཙོ་བོ་གཅིག་ནི་བྱམས་དང་སྙིང་རྗེ་ཡིན་པ་བཅས་ཀྱི་གནས་སྟངས་ཐོག་ཏུ་འབབ་དགོས་པ་དེ་ཡིན་སྐོར་གསུངས་འདུག

གསུང་མོལ་གྱི་ཐོག་མར་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་བརྗོད་གཞི་གལ་ཆེན་པོ་ཞིག་གི་ཐོག་བཀའ་མོལ་གནང་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་དང་། ཆོས་ལུགས་ཕན་ཚུན་བར་བཀའ་མོལ་གནང་རྒྱུ་ནི་དེང་རབས་ཀྱི་དུས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ནང་པ་དང་ཁ་ཆེ་གཉིས་ཕན་ཚུན་གྱི་བྱམས་སྙིང་རྗེ་དང་སྙིང་རྗེའི་ཀུན་ནས་བསླངས་པའི་བཟོད་པའི་སྐོར་ལ་བཀའ་མོལ་གནང་རྒྱུ་བྱུང་བ་དེ་གལ་ཆེན་པོ་རེད་ལ། ནང་པ་དང་ཁ་ཆེ་ནི་ཆོས་ལུགས་ཆེ་ཤོས་གཉིས་ཡིན་པའི་མ་ལེ་ཤི་ཡའི་ནང་དང་ལྷག་པར་དུ་ཨེ་ཤ་ཡའི་ཤར་ལྷོའི་ཁུལ་གྱི་ནང་བགྲོ་གླེང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངའི་སེམས་སུ་ཆོས་ལུགས་ཕན་ཚུན་བར་བགྲོ་གླེང་གནང་བའི་དགོས་དམིགས་གཙོ་དེ་ནི་ཕྱོགས་གཉིས་ཀྱི་འདྲ་བ་དང་མི་འདྲ་བའི་ཆ་རྣམས་ངོས་འཛིན་དང་། འདྲ་བའི་ཁྱད་ཆོས་དག་རྒྱ་བསྐྱེད་དང་བརྟན་པོ་བཟོ་རྒྱུ་དང་མི་འདྲ་བའི་ཆ་རྣམས་ཉུང་དུ་གཏང་རྒྱུ་དང་། ཉུང་དུ་གཏོང་ཐབས་མེད་པའི་ཕྱོགས་གཉིས་ཀྱི་མི་འདྲ་བའི་ཆ་རྣམས་ལ་ཕན་ཚུན་བརྩི་བཀུར་ཡོང་ཐབས་ཀྱི་རང་བཞིན་ཞིག་བསྐྲུན་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་ཆུང་དུས་ནས་ངོས་ཀྱི་གྲོང་གསེབ་ནང་དུ་ཁ་ཆེ་བའི་ཁྱིམ་ཚང་དེ་འདྲ་ཡོད་པས་ཕན་ཚུན་ལ་འབྲེལ་བ་བཟང་པོ་ཡོད་པ་རེད། དེའི་རྗེས་ངོས་རང་ལྷ་སར་འབྱོར་རྗེས། བོད་གཞུང་གི་འགྲོ་ལུགས་ལྟར་གཞུང་འབྲེལ་མཛད་སྒོའི་སྐབས་ས་གནས་ཀྱི་ཁ་ཆེ་བའི་སྐུ་ཚབ་ཚོ་རྒྱུན་དུ་མཉམ་ཞུགས་ཡོད་པ་རེད། དེ་བཞིན་ལོ་རྒྱུས་ཀྱི་བཤད་རྒྱུན་ལྟར་ན་༧གོང་ས་ལྔ་བ་ཆེན་པོའི་སྐབས་ལ་དྭགས་ཀྱི་ཁ་ཆེ་བ་ཁག་ཅིག་ལྷ་སར་འབྱོར་སྐབས། ༧གོང་ས་ལྔ་བ་ཆེན་པོས་ཁོང་ཚོའི་ལྷ་ཁང་བཞེང་ཆེད་དུ་ས་ཆ་གནང་ཡོད་པ་རེད། དེ་བས་ངོས་རང་ཆུང་དུས་ནས་ལྷ་སའི་ས་གནས་ཀྱི་ཁ་ཆེའི་སྐུ་ཚབ་རྣམ་དང་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད་པ་རེད། མཚམས་རེར་ངོས་ཀྱི་རྩེད་མཚར་དང་སྦྲགས་བཤད་ཀྱི་ཡོད། ༧གོང་ས་བཅུ་གསུམ་པའི་ཡང་སྲིད་ཨ་མདོའི་ཕྱོགས་སུ་འཚོལ་སྐབས། བོད་གཞུང་གི་སྐུ་ཚབ་ཚོགས་པ་ངོས་རང་སྐྱེས་སའི་སྐུ་འབུམ་ཕྱོགས་སུ་ཕེབས་ཡོད་པ་རེད། སྐབས་དེར་བུ་ཕྲུག་གསུམ་ཡང་སྲིད་ཀྱི་ཐོ་གཞུང་ནང་ཡོད་པ་རེད། གཅིག་ནི་སྐུ་ཚབ་ཚོགས་པ་ས་གནས་སུ་མ་འབྱོར་གོང་ནས་ཚེ་འདས་སུ་ཕྱིན་ཡོད་སྟབས་བུ་ཕྲུག་གཉིས་ལྷག་པ་རེད། ངོས་ཀྱི་ཡུམ་ཆེན་གྱིས་གསུངས་པ་ལྟར་ན། བུ་གུ་གཞན་དེ་ཁོ་རང་གི་ཨ་མས་བཟུང་སྟེ་སྐབས་དེའི་མཱ་དམག་སྤྱིའི་སར་འགྲོ་སྐབས། ཁོང་མཱ་ལ་སྐྲག་སྣང་སྐྱེས་ཡོད་པ་དང་མངར་ཆ་སྤྲོད་དུས་མངར་ཆ་སྤར་སྙོབ་བྱས་ནས་བླངས་ཡོད་པ་རེད། དེའི་རྗེས་ངོས་རང་ཡུམ་ཆེན་གྱི་བཟུང་སྟེ་མཱ་དམག་སྤྱིའི་སར་འགྲོ་སྐབས་སྒམ་པོའི་ཚུལ་བསྡད་ཡོད་པ་དང་། མངར་ཆ་སྤྲོད་དུས་གཅིག་བླངས་ཏེ་ཡུམ་ཆེན་ལ་སྤྲད་ཡོད་པ་དང་། གཅིག་རང་ཉིད་ལ་ཉར་ཡོད་སྟབས། མཱ་དམག་སྤྱིས་བུ་གུ་འདི་ཏཱ་ལའི་བླ་མའི་ཡང་སྲིད་རེད་ཅེས་བརྗོད་ཡོད་པ་རེད། ཁོང་གིས་ངོས་ཀྱི་མིག་ཟུང་ནས་ཡག་པོའི་མཚན་མ་ཞིག་མཐོང་བ་འདྲ། ཁོང་གིས་བུ་གུ་འདི་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་ངེས་པ་རེད་ཅེས་བརྗོད་ཡོད་པ་རེད། དེ་བས་གནས་ཚུལ་དེའི་ཐོག་ནས་ངོས་རང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པ་ངོས་འཛིན་བྱེད་མཁན་གྱི་མི་སྣ་ཐོག་མ་དེ་ནི་ཁ་ཆེ་བ་ཞིག་ཡིན་པ་རེད། ས་གནས་ཀྱི་དམག་སྤྱི་ཞིག་ཡིན་པ་རེད། དུས་དེ་ནས་བཟུང་ཁོང་གིས་ངོས་དང་ངོས་ཀྱི་ཁྱིམ་ཚང་ལ་དམིགས་བསལ་གྱིས་ལྟ་སྐྱོང་བྱེད་ཀྱི་ཡོད་པ་རེད། ངོས་ཀྱི་ལ་དྭགས་ཀྱི་ཁ་ཆེ་གྲོགས་པོ་ཁག་ཅིག་ལ་ངོས་རང་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱེད་མཁན་གྱི་མཐོ་རིམ་མི་སྣ་ཐོག་མ་དེ་ནི་ཁ་ཆེ་བ་ཞིག་ཡིན་པར་བརྗོད་མྱོང་ཡོད་ལ། ཁ་ཆེ་བ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རེད། ཅེས་གསུངས་བྱུང་།ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་དར་སྤེལ་གཏོང་བ་ནི་ངོས་ཀྱི་དམ་བཅའ་གཅིག་ཡིན་པ་དང་། དེའི་རྒྱུ་མཚན་ནི་འགྲོ་བ་མིའི་བྱམས་སྙིང་རྗེ་དང་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་པའི་བློ་ནི་མིའི་རང་བཞིན་གྱི་ཆ་ཤས་ཤིག་ཡིན་པ་རེད། དེ་བཞིན་ཚན་རིག་པ་ཁག་ཅིག་གིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་སྟབས། ང་ཚོ་མི་སྒེར་གྱི་མི་ཚེ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་མ་བརྟེན་ཐབས་མེད་ཡིན་པར་བརྟེན། ང་ཚོ་སྐྱེས་པའི་ཉིན་ཐོག་མ་དེ་ནས་བཟུང་རང་ཉིད་ཀྱི་མའི་འོ་མ་དང་མཉམ་དུ་རང་ཉིད་ལ་ཆེས་ཚད་མཐོ་བའི་བྱམས་བརྩེ་དེ་ཐོབ་ཡོད་པ་རེད། དེ་ནི་ང་ཚོ་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཤིག་ཇི་ལྟར་ཡིན་པའི་ཐོག་ནས་རང་ཉིད་ཀྱི་མི་ཚེ་མགོ་འཛུགས་བྱས་པ་རེད།

རྒྱ་གར་གྱི་མཁས་པའི་དབང་བོ་དེ་འདྲ་མེ་ཏོག་པད་མ་ནས་འཁྲུངས་པའི་བཤད་རྒྱུན་ཡོད་པ་རེད། མཚམས་རེར་ངོས་ཀྱིས་རྩེད་མཚར་དང་སྦྲགས་མི་དེ་ཚོ་ནི་གཅིག་བྱས་ན་མི་དེའི་རིགས་ནི་མི་ལས་མེ་ཏོག་པད་མ་དང་མཉམ་དུ་ཚོར་བ་ཤུགས་ཆེན་པོ་ཡོད་སྲིད་སྐོར་བརྗོད་ཀྱིན་ཡོད། འོན་ཀྱང་ང་ཚོ་རང་ཉིད་མ་ལས་སྐྱེས་ཡོད་པ་དང་མའི་འོ་མ་ལ་བརྟེན་ནས་འཚར་ལོངས་བྱུང་ཡོད་པ་རེད། གོ་ལ་འདིའི་སྟེང་གི་སྲོག་ལྡན་ཕལ་མོ་ཆེ་ལ་རང་ཉིད་ཀྱི་འཚོ་གནས་ཆེད་གཅིག་ལ་གཅིག་གཅེས་ཀྱི་འདུ་ཤེས་ལ་བརྟེན་དགོས་པ་རེད་སེམས་ཀྱིན་འདུག དཔེར་ན་འགྲོ་བ་མིའི་རིགས་ཚུད་པའི་བྱ་རིགས་དང་དུད་འགྲོ་སོགས་ཀྱི་འཚོ་གནས་ནི་སྤྱི་ཚོགས་དང་གཅིག་ལ་གཅིག་གཅེས་ཀྱི་འདུ་ཤེས་ལ་ཤུགས་ཆེན་བརྟེན་ཡོད་པ་རེད། ད་ལྟ་འཛམ་གླིང་འདིའི་ཐོག་མི་ཚང་མས་མི་ཚེ་སྐྱིད་པོ་ཞིག་རོལ་ན་འདོད་ཀྱི་ཡོད་པ་རེད་ལ། ཚང་མར་མི་ཚེ་སྐྱིད་པོ་ཞིག་སྐྱེལ་བའི་ཐོབ་ཐང་དེ་ཡོད་པ་རེད། འོན་ཀྱང་ཕྱོགས་གཅིག་ནས་འགྲོ་བ་མིའི་རིགས་ལ་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཀྱི་ཡོད་པ་རེད་ལ། དེ་དག་ཕལ་མི་ཆེ་བ་ནི་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་རེད། དེ་ནི་ད་ལྟའི་འཛམ་གླིང་འདིའི་ཐོག་གི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། དཀའ་ངལ་དེ་དག་སེལ་བའི་ཐབས་གཅིག་པུ་དེ་ནི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་པ་དང་། སྐྱེ་བ་ནས་བཟུང་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ། ང་ཚོའི་འཚོ་གནས་ཀྱི་རྩ་བ་གཙོ་བོ་གཅིག་ནི་བྱམས་དང་སྙིང་རྗེ་ཡིན་པ་བཅས་ཀྱི་གནས་སྟངས་ཐོག་ཏུ་འབབ་དགོས་པ་རེད་ལ། ང་ཚོའི་འཚོ་གནས་ལ་བྱམས་སྙིང་རྗེ་ནི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་སྟབས། མིའི་རིགས་ཀྱི་ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་གསུང་གིན་ཡོད་པ་རེད། ཅེས་གསུངས་བྱུང་།

ཡང་༧གོང་ས་མཆོག་གིས། དེང་སྐབས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། ཆོས་ལུགས་མ་འདྲ་བ་ལ་བརྟེན་ནས་གསོད་རེཙ་བྱེད་པའི་གནས་ཚུལ་དེ་འདྲ་འབྱུང་གིན་ཡོད་པ་རེད། དཔེར་ན་ཁ་ཆེ་ཆོས་ལུགས་ནང་ཤུ་ཡ་དང་སུ་ནེ་སོགས་ཆོས་བརྒྱུད་མ་འདྲ་བ་ལ་ཁ་གཡར་ནས་དཀའ་རྙོག་དེ་འདྲ་ཡོང་གི་ཡོད་པ་རེད། བྱམས་དང་སྙིང་རྗེ་གསུང་མཁན་གྱི་སྲོལ་རྒྱུན་ཁོ་ན་སྟེ་ཆོས་ལུགས་དེ་ཉིད་དབྱེ་འབྱེད་དང་གསོད་རེས་ཆེད་བེད་སྤྱོད་བྱེད་པའི་གནས་སྟངས་དེ་ལྟ་བུ་ནི་ཧ་ཅང་སེམས་སྐྱོ་བ་ཞིག་རེད། གནས་སྟངས་དེ་འདྲའི་འོག་ཆོས་ལུགས་འདྲ་མིན་ལ་དད་མོས་ཡོད་པ་ཚོས་ངེས་པར་དུ་ཆོས་ལུགས་ཕན་ཚུན་བར་དུ་མཐུན་སྒྲིལ་ཡོང་ཐབས་སུ་རྟག་ཏུ་ཤུགས་རྒྱག་དགོས་པ་རེད། ཁ་ཆེ་ཆོས་ལུགས་གཅིག་གི་ནང་མི་འདྲ་བའི་ཆ་ཅུང་ཙམ་རེ་ལ་བརྟེན་ནས་གསོད་རེས་བྱེད་པ་དེ་ནི་ཧ་ཅང་སེམས་སྐྱོ་བ་ཞིག་རེད། ང་ཚོས་ཆོས་ལུགས་ལ་དད་མོས་ཡོད་མཁན་ཚང་མར་འགན་ཡོད་པ་རེད་ལ། ལྷག་པ་དུ་ཁ་ཆེ་བ་ཚོར་ཤུ་ཡ་དང་སུ་ནེ་ཡི་མིང་ཐོག་ནས་དཀའ་རྙོག་བྱུང་ཡོད་པ་དེ་མེད་པ་བཟོ་བར་འགན་ཡོད་པ་རེད། རྒྱ་གར་ནང་སུ་ནེ་དང་ཤུ་ཡ་གཉིས་བར་དཀའ་རྙོག་ཞིག་ཡོད་པར་ངོས་ཀྱིས་ནམ་ཡང་གོ་ཐོས་བྱུང་མ་མྱོང་། དེ་གཉིས་མཉམ་གནས་བྱས་ཡོད་ནའང་དཀའ་རྙོག་མེད་པ་རེད། དེ་ནི་ཁ་ཆེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མིག་དཔེར་སྟོན་དགོས་པ་ཞིག་འདུག དེ་ནི་ཆེ་ས་ནས་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་དང་མཉམ་གནས་ཡིན་པ་རེད་ལ། ཁྱད་པར་དུ་ཁ་ཆེ་ཆོས་ལུགས་ཀྱི་ཤུ་ཡ་དང་སུ་ནེ་གཉིས་ལ་མིག་དཔེ་ཞིག་ཡིན་པ་རེད། ཆོས་ལུགས་ཚང་མ་མཉམ་གནས་ནི་ཡོང་ཐུབ་པ་ཞིག་དང་རྒྱ་གར་ནི་དེའི་དཔེ་མཚོན་ཞིག་རེད། ཅེས་སོགས་གསུངས་སོང་།

གསུང་མོལ་གྱི་མཐའ་མཇུག་ཏུ་མཉམ་ཞུགས་པ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མ་ལེ་ཤི་ཡར་ཕེབས་ཐུབ་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཞི་འཇགས་བྱུང་མཚམས་ཀྱི་ཟླ་འགའི་རྗེས་སམ་ལོ་རྗེས་མར་མ་ལེ་ཤི་ཡ་དང་སིངྒ་པུར་དུ་ཕེབས་ཐུབ་ཀྱི་ཡོད་པ་དང་། མ་ལི་ཤི་ཡའི་སྲིད་བློན་ཟུར་པ་ཊན་གོ་ཨ་རྡོ་རྭ་མན་ (Tunku Abdul Rahman) མཆོག་གི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བོད་དོན་གླེང་སློང་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། འདས་པའི་ལོ་རྒྱུས་དེ་དག་སེམས་ལ་བཟུང་ནས་མ་ལེ་ཤི་ཡ་དང་སིངྒ་པུར་དུ་ཕེབས་འདུན་ཆེན་པོ་ཡོད་པ་དང་། ལོ་རྗེས་མར་ཏན་ཏན་ཕེབས་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༢༨

Leave a Reply