རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་རྒྱ་ནག་ནང་ཕྱིར་སློག་གཏོང་གི་ཡོད་འདུག  

སི་ཝེ་ཌན་གཞུང་གི་གསང་མྱུལ་ཁྲིམས་ཆད་ཕོག་པའི་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཞིག་ཏུ་ངོས་འཛིན་གནང་སྟེ་རྒྱ་ནག་ནང་ཕྱིར་སློག་གཏོང་གི་ཡོད་འདུགཁ་སང་ཕྱི་ཚེས་ ༢༨ ཉིན།  སི་ཝེ་ཌན་(Sweden)ཉིན་རེའི་གསར་ཁང་(Göteborgs-Posten)ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། སི་ཝེ་ཌན་གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༡༥ ཉིན་ཡུལ་དེའི་ནང་འདུས་སྡོད་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་ཞིག་གིས་བོད་མིའི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་པའི་ནག་ཉེས་འོག ལོ་གཅིག་དང་ཟླ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་བཙོན་འཇུག་དུས་ཡུན་རྫོགས་ཡོད་འདུག  ཡུལ་དེའི་བདེ་འཇགས་ལས་ཁུངས་ཀྱིས་མི་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཞིག་ཆགས་ཡོད་པའི་ངོས་འཛིན་འོག ཕྱི་མི་གནས་སྤོ་ཁྲིམས་ཁང་གིས་བཀའ་འཁྲོལ་གནང་བ་བཞིན་རྒྱ་ནག་ནང་ཕྱིར་སློག་གཏོང་གི་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་ཕྱི་མི་གནས་སྤོ་ཁྲིམས་ཁང་གིས་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་ལག་འབྲེལ་བྱས་པ་དེས། ཁོ་རྒྱ་ནག་ལ་ཕྱིར་སློག་གཏང་བ་ཡིན་ནའང་ཉེན་ཁ་མེད་པ་ཞིག་སྟོན་གྱི་ཡོད་པའི་གནས་ཚུལ་འོག་ཕྱིར་སློག་བཀའ་འཁྲོལ་གནང་ཡོད་ལ། གནད་དོན་དེའི་རྒྱབ་ལྗོངས་གནས་ཚུལ་དང་ཡུལ་དེའི་ཉེན་རྟོག་པས་ཁོ་ཕྱིར་སློག་གཏོང་དགོས་པའི་གནས་ཚུལ་སོགས་རྡོ་རྗེ་རྒྱལ་མཚན་རང་ཉིད་དང་ཁོའི་ཁྲིམས་རྩོད་པ་བཅས་ནས་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་ཡུལ་དེའི་བདེ་འཇགས་ལས་ཁུངས་ཀྱི་གསར་འགོད་མགྲིན་ཚབ་པ་(Gabriel Wernstedt)ལགས་ཀྱིས། ང་ཚོས་དོ་ནན་པོས་སྐྱབས་བཅོལ་བ་གསང་མྱུལ་བྱ་བའི་ནང་ཞུགས་པའི་གནད་དོན་ཐད་གཟབ་ནན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

འདི་ལོར་རང་ལོ་ ༥༢ ཡིན་པའི་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་དེས། སི་ཝེ་ཌན་དང་པོ་ལན་ཊིའི་ནང་གནས་སྡོད་བོད་མིའི་སྐོར་ལ་གསང་མྱུལ་བྱེད་བཞིན་ཡོད་པའི་དོགས་གཞིའི་འོག ཕྱི་ལོ་ ༢༠༡༥ ལོ་ནས་སི་ཌན་གཞུང་གིས་གསང་བའི་ཞིབ་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་ལོ་གསར་སྐབས་ཁོ་འཛིན་བཟུང་བྱས་ཏེ་ཟླ་ ༢ མ་ཟིན་ཙམ་རིང་བཀག་ཉར་བྱས་ཡོད་ཀྱང་ཕྱིས་སུ་ཀློད་གྲོལ་བཏང་སྟེ་ལྟ་ཞིབ་འོག་བཞག་ཡོད་ན་ཡང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༢ ཉིན་ཁོས་རྒྱ་ནག་གཞུང་ཚབ་དང་ངན་འབྲེལ་གྱིས་གསང་བའི་གནས་ཚུལ་མཁོ་སྤྲོད་དང་ཨ་སྒོར་འབོར་ཆེན་བླངས་ཡོད་པའི་གནས་ཚུལ་འོག་འཛིན་བཟུང་གིས། ལོ་དེའི་ཟླ་ ༦ ཚེས་ ༡༥ ཉིན་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

སི་ཝེ་ཌན་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྡོ་རྗོ་རྒྱལ་མཚན་གྱི་གསང་མྱུལ་ལས་དོན་གཙོ་བོ་བོད་མི་སྒེར་གྱི་གནས་ཚུལ་ཏེ་ས་གནས་གངདུ་འདུག་གི་ཡོད་མེད་དང་མི་སུ་ལ་འབྲེལ་བ་ཡོད་མེད། དེ་བཞིན་ཁྱིམ་ཚང་ཕན་ཚུན་བར་གྱི་འབྲེལ་བ། ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་གནས་ཚུལ་བསྡུ་རུབ། རྒྱ་ནག་དང་ཁ་གཏད་ཡིན་པའི་གནད་ཡོད་མི་སྣ་ཁག་གི་གནས་ཚུལ་རྒྱ་ནག་གཞུང་ཚབ་ཁང་དུ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་པ་དང་། སི་ཝེ་ཌན་ཁྲིམས་ཁང་གིས་ཁོས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་སྤྲོད་ཐེངས་གཅིག་ལ་ཨ་སྒོར་ ༥༠༠༠༠ ནས་ ༦༠༠༠༠ སྤྲད་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་རྡོ་རྗེ་རྒྱལ་མཚན་ཞེས་པ་དེར་ཁྲིམས་ཐག་གཅོད་སྐབས། ཁྲིམས་ཞིབ་པ་ཊད་ནེལ་རེ་ཁུ་སོན་ (Daniel Eriksson)ལགས་ཀྱིས། རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་པོ་ལན་ཌིའི་རྒྱ་ནག་གི་གསང་ཉུལ་བར་ཐེངས་འགར་ཐུག་འཕྲད་དུ་ཕྱིན་པ་དེའི་ཐོག་ནས་བོད་མི་ལ་དམིགས་པའི་གསང་ཉུལ་བ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་པ་དང་། རྒྱ་གཞུང་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་དེ་དག་གིས་བོད་མི་སྤྱི་དང་བྱེ་བྲག་གིས་སི་ཝེ་ཌན་ནང་གནས་སྡོད་བོད་མི་ཚོར་གནོད་འཚེ་ཆེན་པོ་ཐེབས་ཡོད་སྲིད་པ་རེད། ཅེས་བརྗོད་ཡོད་པ་རེད།

རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་སི་ཝེ་ཌན་ནང་སྐྱབས་བཅོལ་དུ་བསླེབས་པའི་གནས་ཚུལ་ཐད་བཤད་ཚུལ་གཉིས་ཙམ་ཡོང་བཞིན་ཡོད་པ་རེད། ལ་ཤས་ཀྱིས་ཁོ་རྒྱ་གར་ནས་སི་ཝེ་ཌན་ནང་ཕྱིན་པ་ཡིན་སྐོར་བརྗོད་ཀྱི་འདུག་ཀྱང་། སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། བོད་མི་དེས་རྒྱ་ནག་གི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཀྱི་ལག་འཁྱེར་ཐོག་སི་ཝེ་ཌན་ནང་ཐད་ཀར་སྐྱབས་བཅོལ་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༢༩

Leave a Reply

One thought on “རྡོ་རྗེ་རྒྱལ་མཚན་ཞེས་པ་དེ་རྒྱ་ནག་ནང་ཕྱིར་སློག་གཏོང་གི་ཡོད་འདུག