ཏོག་དབྱིབས་ནད་པ་ས་ཡ་ ༡ ལྷག་འདས་གྲོངས་སུ་ཕྱིན།

འཛམ་གླིང་ནང་མི་གྲངས་ས་ཡ་ ༣༣ ལ་ཏོག་དབྱིབས་གཉན་རིམས་འགོས་པ་དང་མི་གྲངས་ས་ཡ་ ༡ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཀྱང་གཉན་རིམས་དེ་འགོག་བཅོས་ཀྱི་སྨན་ཁབ་ ༢༤༠ ལྷག་ཐོན་པ་རྣམས་ད་དུང་ཞིབ་འཇུག་དང་ཚོད་ལྟའི་བརྒྱུད་རིམ་ནང་ཡོད་འདུགདེ་རིང་ཨ་རིར་རྟེན་གཞི་བྱས་པའི་ཇཱོན་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་གཉན་རིམས་ཞིབ་འཇུག་ཚན་པའི་གྲངས་ཐོ་ལྟར་ན། ཁ་སང་བར་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་འདས་སོང་བ་མི་གྲངས་ས་ཡ་ ༡ ཀྱི་མཚམས་ལས་བརྒལ་ཡོད་པ་དང་། ཚན་རིག་པ་མི་ཉུང་བས་གཉན་རིམས་འདིའི་སྔོན་འགོག་སྨན་ཁབ་མ་འདོན་བར་གྲངས་ཚད་དེ་ས་ཡ་ ༢ ལ་འཕར་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིའོ་གྷུ་ཊེ་རེ་སི་ (António Guterres)ལགས་ཀྱིས། གྲངས་ཚད་དེ་ནི་བློ་འཚབ་སྐྱེ་གཞི་ཞིག་ཡིན་ནའང་། ང་ཚོས་མི་རེ་རེའི་ཚེ་སྲོག་ཡལ་བར་དོར་རྒྱུ་མེད་སྐོར་བརྗོད་འདུག་པ་དང་། ཡང་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དྲ་ཐོག་ལས་གཞི་ཚན་པའི་འགན་འཛིན་མེག་རི་ཡན་ (Mike Ryan) གྱིས། འབྱུང་འགྱུར་གཉན་རིམས་འདིས་མི་གྲངས་ས་ཡ་ ༢ ལྷག་རྐྱེན་འདས་སུ་གཏོང་མིན་ཟེར་བ་དེ་བློ་ལ་འཆར་ཐུབ་པ་ཞིག་མིན་ནའང་མ་སྲིད་ཞིག་མིན་སྐོར་དང་། གལ་ཏེ་ང་ཚོས་འདས་པའི་ཟླ་བ་ ༩ ནང་མི་གྲངས་ས་ཡ་ ༡ རྐྱེན་འདས་སོང་བ་དང་། ཡང་སྔོན་འགོག་སྨན་ཁབ་ཅིག་འདོན་རྒྱུར་ད་དུང་ཟླ་བ་ ༩ ལྷག་སྒུག་དགོས་པའི་གནས་སྟངས་ལ་གཞིགས་ན། འདི་ནི་ལས་ཀ་དཀའ་ཚེགས་ཅན་ཞིག་ཡིན་པ་རེད། ཅེས་བརྗོད་འདུག

ཇཱོན་ཧོབ་སི་ཀིན་གྱི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ཀྱི་འདས་གྲོངས་སུ་སོང་བའི་ནད་པའི་ཁྲོད་ནས་ཕྱེད་ཀ་ཨ་རི་དང་། བྷར་ཛིལ། རྒྱ་གར་བཅས་ནས་ཡིན་པ་དང་། འདས་གྲངས་ཀྱི་ཆ་ནས་རྒྱ་གར་གསུམ་པ་ཡིན་ནའང་། ནད་པའི་གྲངས་འབོར་གྱི་ཆ་ནས་རྒྱ་གར་གཉིས་པ་ཡིན་པ་རེད། ད་བར་ཨ་རིའི་ནང་ནད་པ་ས་ཡ་ ༧ ལྷག་དང་། རྐྱེན་འདས་སུ་སོང་བ་འབུམ་ ༢ ལས་མང་བ་ཡོད་ཅིང་། ཟླ་སྔོན་མར་ཨ་རིའི་རྒྱལ་ཡོངས་ཀྱི་ནད་པའི་གྲངས་འབོར་མར་ཆག་ཡོད་ཀྱང་། ཉེ་ཆར་ཞིག་ནས་བསྐྱར་དུ་འཕར་མགོ་བཙུགས་ཡོད་པ་རེད། དེའི་རྗེས་རྒྱ་གར་ལ་མཚོན་ན་ནད་པའི་གྲངས་ས་ཡ་ ༦ ལ་ཟིན་ཚར་ཡོད་པ་དང་། རྐྱེན་འདས་སུ་སོང་བའི་ནད་པ་ ༩༥༥༠༠ ལྷག་བྱུང་ཡོད་འདུག

རྒྱ་གར་གྱིས་འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ནས་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་སོགས་ཁྲིམས་དམ་པོ་བསྒྲགས་པའི་རྐྱེན་གྱིས། ཐོག་མའི་ཆར་གཉན་རིམས་འགོས་ཁྱབ་དེ་ཙམ་ཕྱིན་མེད་ཀྱང་། ཕྱི་ཟླ་ ༦ པ་ཙམ་ནས་མི་མང་གི་འགྲིམ་འགྲུལ་དང་ཚོང་འབྲེལ་ལས་དོན་མང་དག་ཅིག་སྒོ་མ་འབྱེད་ཐབས་མེད་གྱུར་རྗེས། རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཏོག་དབྱིབས་གཉན་རིམས་ཧ་ཅང་མྱུར་པོ་ཁྱབ་པ་དང་། གྲོང་ཁྱེར་ནས་རིམ་པས་གྲོང་གསེབ་ཁུལ་དུ་འགོས་ཁྱབ་ཏུ་སོང་བའི་རྐྱེན་གྱིས། འདས་པའི་ཉིན་གྲངས་ ༢༠ ལྷག་གི་རིང་རྒྱ་གར་གྱི་ཉིན་རེའི་ནད་པའི་གྲངས་འབོར་དེ་ཁྲི་ ༦ ནས་ ༩ བར་ཡོང་གི་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ནང་ཐོག་མའི་ནད་པ་ས་ཡ་ ༡ ཐོན་རྒྱུར་ཟླ་ ༦ ལྷག་འགོར་ཡོད་ཀྱང་། འདས་པའི་ཟླ་བ་གཉིས་ཁོ་ནའི་ནང་ས་ཡ་ ༤ བརྒལ་ཚར་ཡོད་འདུག གཞན་ཡང་། རྒྱ་གར་གྱི་ནད་པའི་འདས་གྲངས་དེ་མི་འབོར་དང་བསྡུར་ན་ཉུང་ཉུང་ཡིན་ནའང་། ཚན་རིག་པ་དང་སྨན་བཅོས་འཕྲོད་བསྟེན་མི་སྣ་མི་ཉུང་བས་རྒྱ་གར་གཞུང་གི་གྲངས་ཐོ་དེ་ཏག་ཏག་ཅིག་མིན་པའི་སྐྱོན་བརྗོད་བྱེད་མུས་རེད།ད་ལྟའི་ཆར་ནད་ཡམས་འདིར་སྟངས་འཛིན་བྱ་རྒྱུའི་ཐབས་ལམ་ཡག་ཤོས་ནི་སྔོན་འགོག་སྨན་ཁབ་གང་མགྱོགས་བགོ་འགྲེམ་བྱ་རྒྱུ་དེ་ཡིན་ལ། སྔོན་འགོག་སྨན་ཁབ་ཅིག་འདོན་པར་བརྟག་དཔྱད་ཀྱི་རིམ་པ་མང་པོ་ཞིག་བརྒྱུད་དགོས་ཤིང་། ཉུང་མཐར་ཡང་མང་ཚོགས་ཀྱི་ལག་ཏུ་འབྱོར་རྒྱུར་ལོ་ ༡༠ ལྷག་འགོར་གྱིན་ཡོད་ཀྱང་། ད་ཐེངས་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་སྲིད་གཞུང་དང་ཚན་རིག་པས་སྨན་ཁང་བཟོ་སྐྲུན་དང་བརྟག་དཔྱད་ཀྱི་དུས་ཚོད་གང་ཐུབ་ཀྱིས་ཉུང་འཕྲི་བྱེད་མུས་ཡིན་འདུག བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ལ་དམིགས་ནས་སྔོན་འགོག་སྨན་ཁབ་ ༢༤༠ ལྷག་ཐོག་མའི་བཟོ་སྐྲུན་གྱི་བརྒྱུད་རིམ་ནང་ཡོད་ཅིང་། ༤༠ ལྷག་འཕྲོད་བསྟེན་བརྟག་དཔྱད་ཀྱི་བརྒྱུད་རིམ་ནང་ཡོད་པ་དང་། ༩ མི་སྟོང་ཕྲག་འགར་བརྟག་དཔྱད་བྱེད་རྒྱུའི་བརྒྱུད་རིམ་མཐའ་མའི་ནང་སླེབས་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་དང་ཨུ་རུ་སུས་རང་གིས་བཟོས་པའི་སྔོན་འགོག་སྨན་ཁབ་དེ་ལེགས་གྲུབ་བྱུང་སྟེ།  རྒྱལ་ནང་གི་སྨན་བཅོས་མི་སྣ་དང་དམག་མི། ཨུ་རུ་སུར་མཚོན་ན་མང་ཚོགས་ལ་བཀོལ་སྤྱོད་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་སྐོར་བསྒྲགས་ཡོད་ནའང་། ཕྱིའི་ཚན་རིག་པ་མང་པོས་སྔོན་འགོག་སྨན་ཁབ་དེ་གཉིས་ཀྱི་བརྟག་དཔྱད་ཀྱི་མྱུར་ཚད་དང་། རང་དབང་ལྡན་པའི་རྟོག་ཞིབ་བརྒྱུད་རིམ་སོང་མེད་པའི་རྐྱེན་གྱིས་བདེ་འཇགས་ཡིན་མིན་ཐད་དོགས་སློང་བྱེད་བཞིན་ཡོད་པ་རེད། དེ་མིན་ཉེ་ཆར་མཐའ་མའི་བརྟག་དཔྱད་ཀྱི་བརྒྱུད་རིམ་ཁྲོད་བརྟག་དཔྱད་བྱ་ཡུལ་ལ་ནད་གཞི་བྱུང་བའི་རྐྱེན་གྱིས། གནས་སྐབས་བརྟག་དཔྱད་མཚམས་འཇོག་བྱས་པའི་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གྲྭས་བཟོ་སྐྲུན་བྱེད་ཀྱིན་པའི་སྔོན་འགོག་སྨན་ཁབ་དེར་མང་པོས་རེ་སྒུག་བྱེད་ཀྱི་ཡོད་ཅིང་། ད་ལྟའི་ཆར་སྨན་ཁབ་དེའི་བརྟག་དཔྱད་བརྒྱུད་རིམ་མུ་མཐུད་སྤེལ་གྱི་ཡོད་འདུག ད་ལྟའི་ཆར་ཨ་རི་དང་དབྱིན་ཡུལ་གྱིས་མཚོན་པའི་རྒྱལ་ཁབ་ཕྱུག་པོ་ཚོས་སྔོན་འགོག་སྨན་ཁང་བཟོ་གྲྭ་ནས་སྨན་ཁབ་ཉོ་རྒྱུའི་གན་རྒྱ་འཇོག་གི་ཡོད་སྟབས། རྒྱལ་ཚོགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མི་ཉུང་བས་སྨན་ཁབ་འགྲན་རྩོད་ཀྱི་བྱེད་སྟངས་འདིས། འབྱུང་འགྱུར་ཨ་ཧྥི་རི་ཀ་ལྟ་བུའི་ཉམ་ཆུང་རྒྱལ་ཁབ་ཀྱི་མང་ཚོགས་ལ་སྨན་ཁབ་འདང་ངེས་འཐོབ་རྒྱུར་བར་ཆད་བཟོ་ཡི་ཡོད་དང་། མ་འོངས་པར་སྨན་ཁབ་ཉོ་ཐུབ་མིན་ལ་མ་ལྟོས་པར་མི་ཚང་མར་སྨན་ཁབ་གཅིག་མཚུངས་སུ་འཐོབ་རྒྱུར་གཞོལ་དགོས་སྐོར་ལམ་སྟོན་བྱས་ཡོད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས་དེའི་ཆེད་དུ། གྷ་ཝི་(Gavi) ཟེར་བའི་སྨན་ཁབ་དང་འབྲེལ་བའི་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེའི་ལྷན་ཚོགས་ཤིག་བཙུགས་ཡོད་ཅིང་། ལྷན་ཚོགས་འདིས་འདི་ལོའི་ལོ་མཇུག་བར་ཨ་སྒོར་ཐེར་འབུམ་ ༢ བསྡུས་ཏེ། འཛམ་གླིང་ཡོངས་ལ་སྨན་ཁབ་ཆ་སྙོམས་སུ་བགོ་འགྲེམ་བྱ་རྒྱུ་ཡིན་འདུག ད་ལྟའི་ཆར་ལྷན་ཚོགས་དེར་ཨ་རི་ཕུད་པའི་རྒྱལ་ཁབ་དབུལ་ཕྱུག་ ༨༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

འདི་ལོའི་ལོ་མགོ་ནས་ཏོག་དབྱིབས་གཉན་རིམས་གསར་པ་འདི། ཐོག་མར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་གྱི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ས་ཕྱོགས་གང་སར་མཆེད་དེ། ད་བར་རྒྱལ་ཁབ་དང་ས་ཁུལ་ ༡༨༨ ལྷག་གི་མི་གྲངས་ས་ཡ་ ༣༣ ལ་ནད་ཡམས་དེ་ཕོག་ཡོད་ཅིང་། གཉན་རིམས་འདི་མི་གྲངས་ས་ཡ་མང་པོའི་འཚོ་བའི་གཏིང་ལ་ཟུག་སྟེ་འཛམ་གླིང་གི་ཉེ་རབས་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་དང་དཀའ་ངལ་ཆེན་པོ་བཟོས་ཡོད་ལ། སྔར་ནས་བརྟན་བརླིང་མེད་པའི་གོ་ལའི་དཔལ་འབྱོར་ཡང་ཉམས་དམས་ཀྱི་གནས་སུ་ལྷུང་བཅུག་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༢༩

Leave a Reply