ལྷ་སའི་ཞི་རྒོལ་ལ་རྗེས་དྲན་ལས་འགུལ་སྤེལ།

བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ནས་ལོ་ངོ་ ༣༣ འཁོར་བའི་དུས་དྲན་དང་བསྟུན་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་།ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཁག་ཅིག་གི་སྣེ་ཁྲིད་འོག ཆོལ་གསུམ་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ནས་ལོ་ངོ་ ༣༣ འཁོར་བའི་དུས་དྲན་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། ཨ་རི་དང་ཧྥ་རན་སི། ནེ་ཐཱར་ལན་ཌི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་རྒྱ་ནག་གཞུང་ཚབ་མདུན་དུ། བོད་མི་ཚོས་༧གོང་ས་མཆོག་བོད་ནང་ཕེབས་དགོས་པ་དང་བོད་ལ་རང་དབང་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་དགོས་པ། བོད་ནང་བོད་མིའི་ཐོག་གསང་མྱུལ་མཚམས་འཇོག་དང་བོད་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་མཚམས་འཇོག དེ་བཞིན། རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་བྱུས་ཁག་མཚམས་འཇོག་དགོས་པ་སོགས་ཀྱི་སྐད་འབོད་ངོ་རྒོལ་གནང་ཡོད་འདུག

དེ་ཡང་ཨ་རིའི་ནང་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག  ས་གནས་དེའི་སྔ་དྲོའི་ཆུ་ཚོད་ ༡༡ ནས་ ༡ བར་སྐད་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཧྥ་རན་སིའི་ནང་བོད་རིགས་ཚོགས་པ་གཙོ་བྱས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་མཉམ་འབྲེལ་ཐོག་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

ཡང་ཡུ་རོབ་རྒྱལ་ཁབ་ནེ་ཐི་ལན་ཌིའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་རིགས་ཚོགས་པ། དེ་བཞིན། བོད་དོན་རྒྱལ་སྐྱོར་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་ཚབ་མདུན་ནས་ལས་འགུལ་མགོ་འཛུགས་ཀྱིས་ཞི་བདེའི་རྒྱལ་ཁང་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། དེ་བཞིན། བཞུགས་སྒར་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། དྲ་ལམ་ཐད་གཏོང་བརྒྱུད་དགུ་བའི་ཉེར་བདུན་གྱི་ཉིན་མོ་རྗེས་དྲན་དང་དགུ་བཅུ་གསུལ་ལས་འགུལ་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་དང་བསྟུན། དགུ་བའི་ཉེར་བདུན་སྐབས་ཀྱི་སྙིང་སྟོབས་ཆེན་པོ་གསུམ་ལ་དྲན་གསོ་དང་མཐའ་འཁྱོངས་བྱེད་དགོས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་འདུགཕྱི་ལོ་ ༡༩༨༧ ལོའི་དགུ་བའི་ཉེར་བདུན་གྱི་བོད་མིའི་ཞི་རྒོལ་ལས་འགུལ་དེ་ནི་གཞིས་ཀྱི་གདན་ས་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༧ ཀྱིས་སྣེ་འཁྲིད་དེ། རྒྱལ་ས་ལྷ་སའི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཡར་ལངས་བྱས་ཏེ། གཙུག་ལག་ཁང་དང་པོ་ཏཱ་ལའི་མདུན་ཐང་དུ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པར་ངོ་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་བོད་མི་མང་པོར་གཅར་རྡུང་དྲག་གནོན་བྱས་ཡོད་པ་མ་ཟད། བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། ལས་འགུལ་དེ་ནི་ཕྱི་ལོ་ ༡༩༥༩ ལོའི་རྗེས་སུ་བོད་ནང་སྤེལ་བའི་རྒྱ་རྒོལ་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་པོ་དེ་ཆགས་ཡོད་པ་དང་། དེའི་རྗེས་ཕྱི་ལོ་ ༢༠༠༨ ལོར་སླར་ཡང་བོད་ས་ཡོངས་སུ་རང་དབང་གི་ངོ་རྒོལ་ལས་འགུལ་རྒྱ་ཆེན་པོ་དང་དུས་ཡུན་རིང་ཤོས་སྤེལ་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༩

Leave a Reply