རྒྱ་གར་ནང་གི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ལས་མཚམས་བཞག

རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཡན་ལག་ལས་ཁུངས་ཀྱི་བྱ་བར་བཀག་སྡོམ་ཤུགས་ཆེན་བྱས་རྐྱེན་རྒྱ་གར་ནང་གི་ལས་གཞི་ཁག་མཚམས་འཇོག་དགོས་ཁེལ་ཡོད་འདུགདེ་རིང་ཕྱི་ཚེས་ ༢༩ ཉིན་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་རྒྱ་གར་ནང་གི་ཡན་ལག་ལས་ཁུངས་ཀྱི་དངུལ་ཁང་ནུས་མེད་བཟོས་པ་དང་། དབང་ཡོད་ཀྱིས་ལས་བྱེད་རྣམས་ལས་ཞུགས་བྱེད་དུ་བཅུག་མེད་པ་མ་ཟད། ལས་ཁུངས་དེའི་ཉམས་ཞིབ་དང་ལས་གཞི་གཞན་ཁག་མཚམས་འཇོག་བྱེད་དུ་བཅུག་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཡན་ལག་ལས་ཁུངས་ཀྱི་རྒྱ་གར་ནང་གི་ལས་གཞི་ཁག་མཚམས་འཇོག་བྱས་ཡོད་འདུག

ཉེས་ཡང་ཚོགས་པའི་ཞིབ་འཇུག་དང་སྲིད་བྱུས་ཁྱབ་སྤེལ་འགན་འཛིན་རཱ་རྗི་ཊི་ཁེ་ལཱི་ (Rajat Khlea) ཡིས་བྷི་བྷི་སི་གསར་ཁང་ལ། ང་ཚོར་རྒྱ་གར་ནང་སྔར་བྱུང་མ་མྱོང་བའི་གནས་སྟངས་མང་པོར་འཕྲད་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་གོ་རིམ་ལྡན་པའི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། རྒྱ་གར་ནང་ཡོད་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པར་བརྙས་བཅོས་དང་དམའ་འབེབ། ཚུལ་རྒོལ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྐོར་དང་། ཁོང་ཚོའི་ལས་དོན་ཚང་མ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྐྱང་རྐྱང་ཆགས་ཡོད་ཀྱང་། ལྡི་ལིའི་ཟིང་འཁྲུག་དང་ཡང་ན་ཀ་ཤི་མིར་གྱི་འབོད་སྒྲ་གང་གི་ཐད་ནས་ཀྱང་སྲིད་གཞུང་གིས་ཁོང་ཚོའི་གླེང་སློང་བྱས་པའི་གནད་དོན་ཁག་ལ་ལན་འདེབས་བྱེད་འདོད་མེད་སྐོར་སོགས་བརྗོད་འདུག

འདི་ནི་རྒྱ་གར་གྱི་ཡན་ལག་ལས་ཁུངས་དེ་སྒོ་བརྒྱབ་དགོས་བྱུང་བ་ཐོག་མ་དེ་མིན་པར། རྒྱ་གར་གཞུང་ནས་རོགས་ཚོགས་ཁག་གིས་ཕྱིའི་རོགས་དངུལ་ལེན་རྒྱུར་ཚོད་འཛིན་བྱེད་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་རྒྱ་གར་གཞུང་གིས་ཐེངས་གཉིས་ཙམ་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་རྒྱ་གར་གྱི་ཡན་ལག་ལས་ཁུངས་ལ་དབྱིན་ཡུལ་གྱི་དབུས་ལས་ཁུངས་ནས་རོགས་དངུལ་ལེན་རྒྱུའི་ཆོག་མཆན་ལག་ཁྱེར་ཚད་ལྡན་མེད་སྐོར་དང་། ཁྲིམས་འགལ་ཐོག་རོགས་དངུལ་ལེན་གྱི་ཡོད་སྐོར་བརྗོད་དེ་རོགས་དངུལ་གྱི་བརྒྱུད་ལམ་བཀག་ཡོད་པ་རེད་ལ། སྐབས་དེར་རོགས་དངུལ་ཆད་པར་བརྟེན་གནས་སྐབས་སུ་ལས་ཁུངས་སྒོ་བརྒྱབ་དགོས་བྱུང་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མི་སེར་ཐོབ་ཐང་ཁྲིམས་ཡིག་ (CAA) གི་རྩོད་གཞི་དང་འབྲེལ། ཧིན་དྷུ་དང་ཁ་ཆེ་རྗེས་འབྲང་བའི་བར་ཉིན་གྲངས་གསུམ་འཁྲུག་འཛིང་ཆེན་པོ་བྱུང་བའི་དོན་རྐྱེན་དེར་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ཡོངས་ནས་ཧིན་དྷུ་ལས་ཁ་ཆེ་བ་རྣམས་ལ་རྒྱུ་དངོས་དང་རྨས་སྐྱོན་སོགས་ཀྱི་ཐད་ནས་གྱོད་གུད་ཆེ་བ་ཐེབས་ཡོད་པ་དང་། འཁྲུག་འཛིང་སྐབས་ས་གནས་ཉེན་རྟོག་པས་ཧིན་དྷུ་བའི་ཕྱོགས་སུ་ལངས་ཏེ་ཁ་ཆེ་བའི་ཐོག་རྡོ་འཕེན་པ་དང་། དེ་བཞིན་ཧིན་དྷུ་རྗེས་འབྲང་བས་ཁ་ཆེ་བའི་ཁང་ཁྱིམ་དང་ཚོང་ཁང་སོགས་མེར་བསྲེག་དང་གཏོར་བཅོམ་གཏོང་རྒྱུར་བཀག་འགོག་བྱས་མེད་པ། གཞན་ཡང་། འཛིན་བཟུང་བྱས་པའི་ཁྲོད་དུའང་ཧིན་དྷུ་ལས་ཁ་ཆེ་བ་མང་བ་ཡོད་སྐོར། ཧིན་དྷུའི་མགོ་འཁྲིད་སྐོར་ཞིག་གིས་ཟིང་འཁྲུག་ལ་སྐུལ་སློང་བྱེད་པའི་གཏམ་བཤད་སྤེལ་ཡོད་ཀྱང་། ཉེན་རྟོག་པས་ཁོ་ཚོར་འདྲི་རྩད་དང་འཛིན་བཟུང་སོགས་གང་ཡང་བྱས་མེད་པ་བཅས། འདི་ལོའི་འཁྲུག་འཛིང་སྐབས་ལྡི་ལིའི་ཉེན་རྟོག་པས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་སྐོར་བཀོད་ཡོད་པ་དང་། དེར་ལྡི་ལིའི་ཉེན་རྟོག་པས་རྒྱ་གར་གྱི་ཧིན་དྷུ་ཚགས་པར་ཁང་ (The Hindu) ལ། སྙན་ཐོ་དེ་ནི་འདྲ་སྙོམ་མིན་པ་དང་། ཕྱོགས་སུ་ལྷུང་བ། གནོད་ཚབས་ཅན་ཞིག་ཡིན་སྐོར་བཤད་ཡོད་པ་རེད།

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཉེས་ཡང་ཚོགས་པས། རྒྱ་གར་གཞུང་གིས་ཀཱ་ཤི་མིར་གྱི་རང་སྐྱོང་གནས་བབ་ཕྱིར་བསྡུ་ཡིས་དབུས་ཀྱི་ཐད་སྐྱོང་ཁུལ་བཟོས་ནས་ལོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན། རྒྱ་གར་གཞུང་གིས་ཁུལ་དེའི་ཆབ་སྲིད་བཙོན་པ་དང་། ལས་འགུལ་བ། གསར་འགོད་པ་རྣམས་གློད་གྲོལ་གཏོང་དགོས་པ་མ་ཟད། ཁུལ་དེའི་ཤུགས་ཚད་ལྡན་པའི་དྲ་བ་བསྐྱར་གསོ་དགོས་པའི་རེ་སྐུལ་བྱས་ཡོད་འདུག ཡང་འདས་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ལྷོ་ཨེ་ཤ་ཡའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཉན་ཞིབ་ནང་ཞུགས་ཏེ། རྒྱ་གར་གཞུང་གིས་ཀཱ་ཤི་མིར་ཁུལ་དུ་ཚད་ལས་འདས་པའི་དམ་དྲག་དང་གང་བྱུང་བཙོན་འཇུག་བཀར་ཉར་བྱེད་ཀྱི་ཡོད་པའི་གྲུབ་དོན་ཁག་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༢༩

Leave a Reply