རྒྱ་གར་གཞུང་གིས་རྒྱ་དཀར་ནག་གི་ངེས་གཏན་གྱི་ས་མཚམས་ཟེར་བ་ངོས་ལེན་མེད་ཅེས་བསྒྲགས།

རྒྱ་ནག་གཞུང་ནས་རྒྱ་གར་གིས་ལ་དྭགས་ཐད་སྐྱོང་ཁུལ་དུ་བཟོས་པར་ངོས་ལེན་མེད་པའི་རྒོལ་གཏམ་སྤེལ་བར་རྒྱ་གར་གཞུང་གིས་བོད་ཧིན་ས་མཚམས་ཀྱི་ངེས་གཏན་གྱི་ས་མཚམས་ཟེར་བ་དེ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ།ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཉིན་རེའི་གསར་འགོད་གསལ་བསྒྲགས་ཀྱི་སྐབས། མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས། རྒྱ་གར་གཞུང་གིས་ཁྲིམས་འགལ་ཐོག་ལ་དྭགས་ཐད་སྐྱོང་ཁུལ་ (Ladakh Union Territory) ཟེར་བ་བཟོས་པ་དེར་ངོས་ལེན་མེད་ལ། རྩོད་རྙོག་ཡོད་པའི་ས་མཚམས་ཁུལ་དུ་དམག་དོན་གྱི་འཐབ་རྩོད་ལ་དམིགས་ནས་འཛུགས་སྐྲུན་བྱེད་བཞིན་པར་ངོ་རྒོལ་ཡོད། ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཐབས་སུ་ཉེ་ལམ་ཕྱོགས་གཉིས་ལ་གྲོས་མཐུན་བྱུང་བ་གཞི་རྩར་བཟུང་སྟེ། ཕྱོགས་གཉིས་ཀྱིས་ས་མཚམས་ཀྱི་གནས་སྟངས་རྙོག་འཛིང་ཅན་ཏུ་འགྱུར་བའི་བྱ་བ་རྩོམ་མི་ཉན་པ་རེད། ཅེས་ལ་དྭགས་རྒྱ་གར་གྱི་ཐད་སྐྱོང་ཁུལ་དུ་བཟོས་པར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

དེ་དང་འབྲེལ་ནས་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གར་གཞུང་གིས་ཕྱོགས་གཅིག་ཏུ་ལྷུང་བའི་ཕྱི་ལོ་ ༡༩༥༩ ལོའི་ངེས་གཏན་གྱི་ས་མཚམས་ (Line of Actual Control) ཟེར་བ་དེར་ངོས་ལེན་ནམ་ཡང་བྱས་མེད་པ་ལ། རྒྱ་གར་གྱི་ལངས་ཕྱོགས་ནི་བརྟན་པོ་དང་འགྱུར་བ་མེད་པ་ནི་རྒྱ་ནག་གཞུང་གིས་ཀྱང་གསལ་བོར་ཤེས་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོ་དང་ ༡༩༩༦ ལོ། དེ་བཞིན་ ༢༠༠༥ སོགས་ཀྱི་ཕྱོགས་གཉིས་ཀྱི་ཆིངས་ཡིག་འོག རྒྱ་དཀར་ནག་གཉིས་ཀྱིས་ངེས་གཏན་གྱི་ས་མཚམས་ (Line of Actual Control) གཏན་འབེབ་དང་གསལ་བཟོ་ཡོང་ཐབས་ལ་འབད་བརྩོན་བྱས་ཡོད་ནའང་། ཕྱི་ལོར་ ༢༠༠༣ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ལས་དོན་དེའི་ཐོག་འདོད་མོས་ཡོད་པ་བསྟན་མེད་སྟབས། ཕྱོགས་གཉིས་དབར་ངེས་གཏན་གྱི་ས་མཚམས་ཤིག་ཡོད་ཚུལ་ཨུ་ཚུགས་བྱེད་པ་ནི་གཞི་མེད་ཞིག་ཡིན་སྐོར་བཀོད་འདུག

དེ་བཞིན་བསྒྲགས་གཏམ་དེའི་ནང་། འདས་པའི་ཟླ་ཤས་རིང་རྒྱ་ནག་ཕྱོགས་ནས་ཡང་དང་བསྐྱར་དུ་ད་ལྟའི་ས་མཚམས་ཀྱི་རྩོད་རྙོད་དེ་བཞིན་འདས་པའི་ཆིངས་ཡིག་ཁག་ལ་གཞི་བཅོལ་ཏེ་སེལ་དགོས་པ་བརྗོད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཕྱོགས་གཉིས་ཀྱི་གྲོས་མཐུན་སྐབས་ཀྱང་རྒྱ་ནག་གཞུང་གིས་ཆིངས་ཡིག་ཁག་ལ་གཞི་བཅོལ་དགོས་པ་བསྐྱར་ནན་བྱས་ཡོད་སྐོར་དང་། ངེས་གཏན་གྱི་ས་མཚམས་ (Line of Actual Control) ལ་ཕྱོགས་གཅིག་ཁོ་ནར་ལྷུང་བའི་འགྲེལ་བརྗོད་མི་བྱེད་པའི་རེ་སྐུལ་ཞུས་འདུག

ཟླ་འདིའི་ནང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་ནང་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་རཱ་རྗི་ནཱ་ཏི་སཱང་ (Rajnath Singh) མཆོག་གིས། ཕྱོགས་གཉིས་ཀྱི་ངེས་གཏན་གྱི་ས་མཚམས་ (Line of Actual Control) ཐོག་ངོས་འཛིན་བྱེད་ཕྱོགས་མི་འདྲ་བ་ནི་ས་མཚམས་ཀྱི་རྩོད་རྙོག་གི་རྩ་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད་ལ། རྒྱ་གར་ཧིན་རྡུ་གསར་ཁང་གི་གནས་ཚུལ་ལྟར་ན། ངེས་གཏན་གྱི་ས་མཚམས་ (Line of Actual Control) ཟེར་བ་དེ་ནི་ཕྱི་ལོ་ ༡༩༥༩ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨེན་ལེ་ (Zhou Enlai) ཡིས་རྒྱ་གར་སྲིད་བློན་ནའེ་རུ་མཆོག་ལ་བཏང་བའི་ཡི་གེ་ཞིག་གི་ནང་བོད་གཞུང་དང་དབྱིན་ཇིའི་རྒྱ་གར་གཞུང་གཉིས་དབར་བཞག་པའི་ས་མཚམས་མེག་མཱ་ཧོན་ས་ཐིག་ (McMahon Line) ནས་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་སྤྱི་ལེ་ ༢༠ རེ་ཕྱི་བསྣུར་བྱེད་དགོས་པ་ བཀོད་ཡོད་པ་ཞིག་ཡིན་པ་རེད།འདི་ལོའི་ཕྱི་ཟླ་ ༥ པ་ཙམ་ནས་བོད་ཧིན་ས་མཚམས་ཀྱི་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་ཕན་ཚུན་ལ་ངེས་གཏན་གྱི་ས་མཚམས་ (Line of Actual Control) བརྒལ་ཚུལ་བརྗོད་དེ། ཕན་ཚུན་གྱི་མཐའ་སྲུང་མིའི་དབར་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་བྱུང་མ་མྱོང་བའི་གདོང་ཐུག་བྱུང་ནས་རྒྱ་གར་གྱི་མི་གྲངས་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མི་དྭང་ཞབས་དམག་མི་ཉི་མ་བསྟན་འཛིན་ལགས་ཀྱང་མཐའ་སྲུང་ལས་དོན་ནང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཉེ་བའི་མཐའ་མཚམས་ཀྱི་རྩོད་རྙོག་ཞི་འཇམ་ཡོང་སླད་ཕྱོགས་གཉིས་ཀྱི་རིམ་པ་འདྲ་མིན་གྱི་དཔོན་རིགས་ཀྱིས་གྲོས་མོལ་བྱས་ཏེ། མཐའ་མཚམས་ནས་དམག་མི་ཕྱིར་འཐེན་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་ནའང་། ད་ལྟའང་མཐའ་མཚམས་ཕྱོགས་གཉིས་སུ་འཛུགས་བསྐྲུན་དང་དམག་སྦྱོང་། དམག་མི་འགྲེམས་འཇོག་སྔར་བཞིན་བྱས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༣༠

Leave a Reply

2 thoughts on “རྒྱ་གར་གཞུང་གིས་རྒྱ་དཀར་ནག་གི་ངེས་གཏན་གྱི་ས་མཚམས་ཟེར་བ་ངོས་ལེན་མེད་ཅེས་བསྒྲགས།

  1. བསོད་ནམས་རྒྱལ་མཚན།

    ༼གནས་ཚུལ་འདི་བོད་ལ་མཚོན་དགའ་དགོས་པའི་གཏམ་བཟང་ཞིག་༽ག་ལ་ཡིན། རྒྱ་དཀར་གཉིས་ཀྱི་ བོད་ས་ཧབ་བརྩོད་ཞིག་རེད། ༼ས་མཚམས་སུ་རྒྱ་གར་གཞུང་གར་གཞུང་གིས་བོད་དམག་ལ་བེད་སྤྱོད་གཏོང་བཞིན་པ་དེ་ནི་ཕྱོགས་གང་ནས་བསམ་ན་བློ་ཚབ་སྐྱེ་དགོས་པ་ཞིག་རེད།༽ ཁྱེད་རང་བློ་ཚབ་སྐྱེ་བ་ཡག་པོ་ཞིག་རེད། ༼རྒྱ་གར་གྱི་བོད་དོན་ཐོག་ཁ་ཚིག་གཅིག་ཀྱང་སྒྲག་གི་མེད། ད་དུང་ཡང་ བོད་རྒྱ་ཁོངས་ཡིན་པ་འགྱུར་བ་གཅིག་ཀྱང་མེད་པ་གནས་མུས་རེད།།༽ སྲོག་ཟེར་བ་དེ་རྩ་ཆེན་པོ་གང་འདྲ་ཡིན་པ་ ཚང་མས་མཁྱེན་བསལ་རེད་པ། རྒྱ་གར་བ་དཔོན་རིགས་དང་བསྙན་འཕྲིན་སོགས་ལ་ Tibti Bhai Shabash དཔའ་བོ་རེད་ བསྟོད་ར་ཚིག་སྐམ་པོ་གཅིག་གི་ སྲོག་རྩ་ཆེན་པོ་དེ་ ལ་བདག་གིས་རེད་པས་ ? བོད་དོན་ནི་མ་རེད་པ། ད་དུང་ང་ཚོའི་བཙན་བྱོལ་ནང་ ཀླད་སྟོང་ ངོ་ཚ་རྒྱུ་མེད་མཁན། ཡ་ང་སྙིང་རྗེ་སྤུ་ཙམ་མེད་མཁན་གྱིས་་་ གཞོན་ནུ་ཚོགས་པ་ཟེར་མཁན་དང་། མགོ་རེས་དམར་པོ་དཀྲིས་མཁན་ཚོས་ ང་ཚོའི་བོད་དམག་རྒྱ་གར་གྱི་ཆེད་རང་སྲོག་ཤོར་མཁན་ཚོ་ བོད་ཀྱི་དཔའ་བོ་རེད་ཟེར་བྱས་ ཁོ་རང་ཚོའི་ངོམ་སོ་འཁྱེར་ནས་དགའ་བསུ་ཞུ་ཡི་ཡོད། འདི་ཡག་པོ་རེད་པས་ ?

  2. ཁེར་སྐྱེས།

    གནས་ཚུལ་འདི་བོད་ལ་མཚོན་དགའ་དགོས་པའི་གཏམ་བཟང་ཞིག་ཡིན་ཀྱང་ས་མཚམས་སུ་རྒྱ་གར་གཞུང་གར་གཞུང་གིས་བོད་དམག་ལ་བེད་སྤྱོད་གཏོང་བཞིན་པ་དེ་ནི་ཕྱོགས་གང་ནས་བསམ་ན་བློ་ཚབ་སྐྱེ་དགོས་པ་ཞིག་རེད།