དམངས་གཙོའི་རྒྱལ་ཁབ་བཞི་ཡིས་རྒྱ་ནག་དང་འབྲེལ་བའི་གྲོས་མོལ་གནང་རྒྱུ་རེད།

བདུན་ཕྲག་རྗེས་མའི་ནང་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་བཞི་སྟེ་ཨ་རི་དང་ཨོ་གླིང་། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་རྒྱ་ནག་དང་འབྲེལ་བའི་ཆེད་དམིགས་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་འདུགདེ་རིང་ཧྥ་རན་སར་རྟེན་གཞི་བྱས་པའི་ཨ་ཕི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གཙོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དམག་གི་དཔུང་ཤུགས་དང་། བཙན་འཛུལ་རྒྱ་སྐྱེད་ཀྱི་ཟིང་འཁྲུག་ཤུགས་ཆེར་སློང་བཞིན་པའི་དུས་འདིེར། བདུན་ཕྲག་རྗེས་མའི་ནང་ཨ་རི་དང་ཨོ་གླིང་། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་(Tokyo)ནང་འཛོམས་ཏེ། རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་འགོག་ཐབས་དང་ས་ཁུལ་དེ་དག་དང་འབྲེལ་བའི་སྐོར་ནས་གྲོས་བསྡུར་གནང་རྒྱུ་ཡིན་འདུག

གནད་དོན་དེའི་ཐད་ཉི་ཧོང་ཕྱི་སྲིད་བློན་ཆེན་(Toshimitsu Motegi)གསར་འགོད་པར། ཐེངས་འདིའི་ཚོགས་འདུ་དེའི་སྣེ་ལེན་ཉི་ཧོང་གཞུང་ནས་གནང་བཞིན་ཡོད་པ་དང་། ཚོགས་འདུའི་སྟེང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་དང་། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མཱ་རེ་སི་(Marise Payne)མཆོག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤན་ཀར་མཆོག་བཅས་མཉམ་ཞུགས་གནང་གི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་གནད་དོན་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་ཏོག་དབྱིབས་གཉན་རིམས་ཀྱིས་སྤྲད་པའི་དཀའ་ངལ་སོགས་ཀྱི་སྐོར་ནས་གྲོས་བསྡུར་གནང་འཆར་ཡོད་སྐོར་གསུངས་འདུག

ཡང་ཁོང་གིས། ཕྱི་སྲིད་བློན་ཆེན་བཞི་ཡི་ཚོགས་འདུ་དེ་ནི་དུས་ཚོད་དང་བསྟུན་པའི་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ད་ལྟ་ས་ཁུལ་དེ་དག་གི་རྩོད་རྙོག་ཐད་སེམས་ཁུར་གཅིག་མཚུངས་བྱེད་བཞིན་ཡོད་པའི་བློན་ཆེན་བཞི་ཡིས་རང་གི་ལྟ་ཚུལ་ཇི་བཞིན་སྤེལ་རེས་གནང་རྒྱུ་དང་། ལྷག་པར་དུ་འཛམ་གླིང་ཡོངས་སུ་ཏོག་ནད་ཀྱིས་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དེ་རང་དབང་དང་སྒོ་འབྱེད་ཀྱི་ཕྱོགས་སུ་ཡོད་དགོས་པ་གལ་ཆེན་ཡིན་པ་དང་།  ཐེངས་འདིའི་ཚོགས་འདུ་དང་བསྟུན་གནད་དོན་དེ་ལེགས་འགྲུབ་ཡོང་བར་རྒྱལ་ཁབ་བཞི་ཡི་མཉམ་འབྲེལ་སྔར་ལས་གཏིང་ཟབ་ཏུ་ཡོང་བའི་རེ་བ་ཡོད་སྐོར་སོགས་གསུངས་འདུག

རྒྱ་ནག་གིས་འདི་ལོའི་ལོ་མགོ་ནས་ཏོག་ནད་འཛམ་གླིང་ལ་ཁྱབ་ཏུ་བཅུག་པ་ནས་བཟུང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་བྱེད་སྟངས་མང་པོ་ཞིག་དང་ལྷག་པར་དུ་ཏོག་ནད་སྐོར་གྱི་གནས་ཚུལ་སྦས་གསང་བྱས་པར་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་ཡོད་པ་ལྟར། ཨ་རིས་སྣེ་འཁྲིད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བཙན་འཛུལ་དང་རྒྱ་སྐྱེད་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་རྒྱལ་ཁབ་བཞི་ཡི་ཚོགས་འདུ་དེ་ནི་ད་ལོའི་ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཉམ་འབྲེལ་བྱེད་འཆར་ཡོད་པའི་མིང་འདོན་བྱས་པ་ཁག་ཡིན་པ་དང་། ཐེངས་འདིའི་ཚོགས་འདུའི་ཁྲོད་ལྷོ་ཀོ་རི་ཡ་མེད་ན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཚོགས་འདུ་གྲོལ་བ་དང་ལྷོ་ཀོ་རི་ཡ་དང་སོག་པོ་སོགས་ཀྱི་ནང་གཞུང་འབྲེལ་སྐོར་སྐྱོར་གནང་འཆར་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གི་མཐའ་འཁོར་དུ་ཡོད་པའི་རྒྱལ་ཁབ་ཁག་ཨ་རིའི་ཕྱོགས་སུ་ལངས་ཐབས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་འདུག

རྒྱ་ནག་གིས་ཏོག་ནད་དང་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ས་ཁུལ་རྩོད་རྙོག་ཤུགས་ཆེར་སློང་བཞིན་ཡོད་པ་ལྟར། གནད་དོན་དེའི་རྐྱེན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་མཉམ་འབྲེལ་ཤུགས་ཆེར་ཡོང་གི་ཡོད་པ་མ་ཟད། རྒྱ་ནག་ལ་ཁ་གཏད་གཅོག་ཆེད་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་རྩར་ལངས་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཟླ་བ་འདིའི་ནང་ཨེ་ཤ་ཡའི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཉི་ཧོང་དང་ཨོ་གླིང་། རྒྱ་གར་བཅས་ཀྱིས་རྒྱ་ནག་གི་ཚོང་ལས་དབང་སྒྱུར་ལ་ཁ་གཏད་གཅོག་ཆེད། མཉམ་འབྲེལ་ཐོག་རྒྱ་གར་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ཁུལ་དུ་ཐོན་སྐྱེད་བཟོ་སྐྲུན་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་སྤྱི་ཆིངས་ཁག་ལ་རྩིས་མེད་རྡོག་རོལ་བཏང་སྟེ། ས་ཁུལ་བཙན་འཛུལ་དང་ཚོང་ལས་གཡོ་ཇུས་སོགས་ཀྱི་གནད་དོན་མང་པོ་ཞིག་རྒྱལ་སྤྱིའི་མིག་ལམ་དུ་མངོན་སུམ་ཆགས་བཞིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་ཚོང་འབྲེལ་ཐད་ནས་བློ་གཏད་མེད་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་ཀྱིས་འབྲེལ་ལམ་སྔར་བཞིན་མི་འཛིན་པ་དང་། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྩོད་རྙོག་ཤུགས་ཆེན་སློང་བཞིན་པ་སོགས་ཀྱིས། ཐེངས་འདིར་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་བཞི་ཡི་རྒྱ་ནག་དང་འབྲེལ་བའི་ཚོགས་འདུ་དེ་ནི་རྒྱལ་སྤྱིའི་སྟེང་རེ་བ་དང་དོ་སྣང་བྱེད་ཡུལ་གལ་ཆེན་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༣༠

Leave a Reply