ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་དང་པོ་ཚོགས།

ཁ་སང་ཨ་རིའི་མངའ་སྡེ་(Ohio) གྲོང་ཁྱེར་ (Cleveland)ནང་། ཨ་རིའི་སྲིད་འཛིན་བགྲོ་གླེང་ལྷན་ཚོགས་ (Commission for Presidential Debates) གྱི་གོ་སྒྲིག་འོག  ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མི་སྲིད་འཛིན་ལས་ཐོག་ཊོམ་ཕུ་མཆོག་དང་། སྲིད་འཛིན་གཞོན་པ་ཟུར་པ་རྗོ་བྷའེ་ཌིན་(Joe Biden)མཆོག་རྣམ་གཉིས་ཀྱིས་སྲིད་འཛིན་འོས་མིའི་རྒྱལ་ཡོངས་བགྲོ་གླེང་ཐེངས་དང་པོ་གནང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དང་། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་དཔལ་འབྱོར་འཕེལ་འགྲིབ། མི་རིགས་དབྱེ་འབྱེད་དང་དྲག་པོའི་ལས་འགུལ། འོས་བསྡུའི་ལས་རིམ་གཉེར་ཕྱོགས་སོགས་བརྗོད་གཞི་ ༦ ཐོག་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བགྲོ་གླེང་གནང་ཡོད་ཀྱང་གྲུབ་འབྲས་དེ་ཙམ་སོན་མེད་པར་ངོས་འཛིན་བྱེད་ཀྱི་འདུགཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་ཨ་རིའི་ (fox)གསར་ཁང་གི་གསར་འགོད་པ་རྒན་གྲས་ཁུ་རེ་སི་ཝ་ལེ་སེ་ (Chris Wallace)ལགས་ཀྱིས།  སྲིད་འཛིན་ཊོམ་ཕུ་ཡིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གཞོན་པ་དམ་པ་ལྕམ་རཱ་ཐི་བྷ་ཌིར་གྷིན་སི་བྷག(Ruth Bader Ginsburg) ལགས་ཀྱི་ཚབ་ཏུ། བཅའ་ཁྲིམས་དང་མཐུན་པའི་ཁྲིམས་རྩོད་པ་ཨ་མེ་ཁོ་ནེ་(Amy Coney Barrett) ལགས་མཚན་འདོན་བྱས་ཏེ།  ཨ་རིའི་གྲོས་ཚོགས་ལ་མོ་ཨ་རིའི་ཁྲིམས་དཔོན་གཞོན་པར་བསྐོ་བཞག་དགོས་པའི་རེ་སྐུལ་ཞུས་ཡོད་པའི་སྐོར་ནས་དྲི་བ་བཏང་བར་སྲིད་འཛིན་ཊོམ་ཕུ་ཡིས། ཁོང་ཚོར་གྲོས་ཚོགས་གོང་མ་དང་ཕོ་བྲང་དཀར་པོ་ཡོད་ལ། ཁོང་མོ་ནི་མི་ཚང་མས་བརྩི་བཀུར་ཞུ་སའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གཞོན་པའི་འོས་མི་ཚད་ལྡན་ཞིག་ཡིན་ལ། མ་འོངས་པར་ཁོང་མོས་ཁྲིམས་ཞིབ་པ་གཞན་དང་འདྲ་བར་བྱ་བ་ལེགས་པོ་བསྒྲུབ་ཐུབ་ངེས་ཡིན་སྐོར་དང་། ཁོང་ཚོར་འོས་བསྡུ་ཐོབ་པར་བརྟེན། ཁྲིམས་དཔོན་གཞོན་པ་དེ་འོས་འདེམས་བྱ་རྒྱུའི་ཐོབ་ཐང་ཡོད་ཀྱང་། མི་རེ་ཟུང་གིས་ཤེས་བཞིན་དུ་གཞན་པ་ཞིག་བཤད་ཀྱི་ཡོད་སྐོར་བརྗོད་སོང་།

སྲིད་འཛིན་གཞོན་པ་ཟུར་པ་བྷའེ་ཌིན་གྱིས། ཨ་རིའི་མི་དམངས་ནས་གྲོས་ཚོགས་འཐུས་མི་དང་སྲིད་འཛིན་འདེམས་ཀྱི་ཡོད་པ་བརྒྱུད་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་དཔོན་གྱི་འོས་མི་སུ་ཡོང་མིན་ཐད། མང་ཚོགས་ལ་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་མོད། འོན་ཀྱང་། ད་ལྟ་འོས་བསྡུ་མགོ་བཙུགས་ཏེ་ལས་རིམ་གྱི་དཀྱིལ་ན་ཡོད་པས། ཁོང་ཚོར་ཐོབ་ཐང་དེ་རག་གི་མེད། མི་མང་སྟོང་ཕྲག་མང་པོས་འོས་བླུགས་ཟིན་པ་རེད། དེར་བརྟེན། ད་ལྟ་ལྷག་ཡོད་པ་ནི་འོས་བསྡུའི་གྲུབ་འབྲས་ལ་སྒུག་སྡོད་རྒྱུ་དེ་རེད་ལ། དེ་ནི་ཨ་རིའི་མི་མང་གིས་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་སུ་འདེམས་ཡོད་པ་ལ་བརྟེན་ནས་ཐག་གཅོད་དགོས་ཀྱི་ཡོད་སྐོར་བརྗོད་སོང་།

བགྲོ་གླེང་གཙོ་སྐྱོང་བས་ཏོག་དབྱིབས་གཉན་རིམས་ཀྱི་སྨན་ཁབ་ཕྱི་ལོ་ ༢༠༢༡ ནས་མགོ་འཛུགས་ཀྱི་ཡིན་ཟེར་གྱི་ཡོད་སྟབས། མང་ཚོགས་ནས་འཕྲོད་བསྟེན་གྱི་དཀའ་ངལ་འདི་སེལ་ཐུབ་པའི་ཡིད་ཆེས་ཇི་ལྟར་དགོས་བྱེད་དགོས་མིན་དྲིས་པར་དྲིས། བྷའེ་ཌིན་གྱིས། ཨ་རིའི་མི་དམངས་འབུམ་ ༢ ལྷག་རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་ས་ཡ་ ༧ ལྷག་ལ་ཏོག་ནད་འགོས་ཁྱབ་བྱུང་ཡོད། དེ་ནི་ཨ་རིའི་འཛམ་གླིང་མི་གྲངས་བརྒྱ་ཆ་ ༤ ལ་ནད་འགོས་པ་དང་བརྒྱ་ཆ་ ༢༠ རྐྱེན་འདས་སུ་ཕྱིན་པ་ཆགས་ཡོད། ཉིན་རེར་མི་གྲངས་ཁྲི་ ༤ ལ་ཏོག་ནད་འགོས་ཀྱི་ཡོད་པ་དང་ཉིན་རེར་མི་གྲངས་ ༧༥༠ ནས་ ༡༠༠༠ བར་འདས་གྲོངས་སུ་འགྲོ་ཡི་ཡོད། ཊོམ་ཕུས་དེ་ནི་གང་ཡིན་པ་དེ་རེད་ཟེར། དེ་ནི་ཁོ་རང་ག་རེ་ཡིན་པ་དེ་རེད་ཟེར་འདོད་ཡོད། རྒྱུ་མཚན་ནི་ད་སྔ་བར་ཁོ་ལ་འཆར་གཞི་གང་ཡང་མེད་པ་དང་འཆར་གཞི་གང་ཡང་འཐེན་མེད་པ་རེད། རྒྱུ་མཚན་ནི་འདི་ལོའི་ཕྱི་ཟླ་ ༢ ནང་ཏོག་ནད་ཀྱི་དཀའ་ངལ་ཧ་ཅང་ཛ་དྲག་ཡིན་པ་ཧ་གོ་ཡོད་ཀྱང་། མང་ཚོགས་ལ་སེམས་འཚབ་བཟོ་ཡི་རེད་ཟེར་ནས་ཅི་གང་བཤད་མེད་པ་དང་ལག་བསྟར་ཡང་གང་ཡང་བྱས་མེད་སྐོར་བརྗོད་སོང་།

སྲིད་འཛིན་ཊོམ་ཕུས། གལ་ཏེ་བྷེ་ཌན་གྱིས་བཤད་པ་ལྟར་བྱས་ཚེ་ཨ་རིའི་མི་གྲངས་ས་ཡ་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་སྲིད་པ་རེད།  མདོར་བསྡུས་ན་དེ་ནི་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་ལ།  རྒྱ་ནག་དང་ཨུ་རུ་སུ། རྒྱ་གར་བཅས་ཀྱིས་རྐྱེན་འདས་སུ་སོང་བའི་ནད་པའི་གྲངས་འབོར་ཏག་ཏག་བཤད་ཀྱི་མེད་པ་དང་། རྒྱ་ནག་ནས་ཨ་རིར་ཡོང་མཁན་བཀག་འགོག་བྱས་པ་དེར་སྐྱོན་བརྗོད་དང་། དེ་ནི་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཨ་རིའི་ནད་ཡམས་སྔོན་འགོག་ཚན་པའི་འགན་འཛིན་སྨན་པ་ཧྥོ་སི་ཡིས། ཊོམ་ཕུའི་ཐག་གཅོད་དེས་མི་གྲངས་སྟོང་ཚོ་མང་པོའི་སྲོག་བསྐྱབས་ཡོད་སྐོར་བརྗོད་ཡོད་ལ། དེ་བཞིན་དམངས་གཙོ་ཚོགས་པའི་གཞུང་འཛིན་པ་མང་པོས་ཀྱང་བསྔགས་བརྗོད་བྱས་ཡོད་སྐོར། ད་བར་ཊོམ་ཕུ་སྲིད་གཞུང་གིས་ཁ་རས་དང་དབུགས་སྐྱོར་འཕྲུལ་ཆས་སོགས་བཟོས་ཡོད་པ་མ་ཟད། སྔོན་འགོག་སྨན་ཁབ་ཡང་འདོན་ལ་ཉེ་བ་ཡོད་སྐོར་དང་། ད་བར་གསར་ཁང་དག་གིས་གནས་ཚུལ་རྫུན་མ་རྐྱང་རྐྱང་སྤེལ་ཏེ་ཁོས་གང་ཡང་བྱས་མེད་པ་ལྟ་བུ་བཟོས་ཡོད་ལ། གལ་ཏེ་ཇོ་བྷའེ་ཌིན་སྲིད་འཛིན་ཡིན་ཚེ། ཁོ་རང་ལྟ་བུ་འཇོན་ཐུབ་ཐབས་མེད་སྐོར་སོགས་བརྗོད་སོང་།

བགྲོ་གླེང་གཙོ་སྐྱོང་བས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་ཨ་རིའི་དཔལ་འབྱོར་གནས་སྟངས་དེ་ཕྱོགས་གང་འདྲ་ཞིག་ལ་འགྲོ་བཞིན་ཡོད་མེད་དང་དཔལ་འབྱོར་བསྐྱར་གསོའི་ཐད་དྲིས་པར། ཐོག་མར་སྲིད་འཛིན་ཊོམ་ཕུ་ཡིས། ཨ་རིས་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དཔལ་འབྱོར་ཆེ་ཤོས་བསྐྲུན་ཡོད་པ་དང་། འདི་ལོར་རྒྱ་ནག་གི་ནད་ཡམས་ཀྱི་རྐྱེན་པས་དཔལ་འབྱོར་སྒོ་བརྒྱབ་དགོས་བྱུང་ཡོད་པ་དང་། བྷའེ་ཌིན་ལྟར་ན། དཔལ་འབྱོར་སྒོ་བརྒྱབ་པ་དེ་ནོར་འཁྲུལ་ཞིག་ཡིན་པར་བཤད་ཀྱི་ཡོད་ཀྱང་། གལ་ཏེ་དེ་དུས་སྒོ་ཕྱེས་ཡོད་ཚེ། ད་ལྟ་ཨ་རིའི་ནང་མི་གྲངས་ས་ཡ་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་སྐོར་དང་། ཊོམ་ཕུ་འཛིན་སྐྱོང་གིས་དཔལ་འབྱོར་རིམ་པས་སྒོ་ཕྱེས་པར་བརྟེན། ད་ལྟ་སྔར་བྱུང་མྱོང་མེད་པའི་དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། འདས་པའི་ཟླ་ ༤ ནང་ཨ་རིའི་མི་སེར་ས་ཡ་ ༡༠།༤ ལྷག་བསྐྱར་དུ་ལས་ཀར་ཞུགས་ཐུབ་པ་བྱུང་ཡོད་སྐོར། བྷའེ་ཌིན་གྱིས་ཨ་རིའི་དཔལ་འབྱོར་རྨེད་མེད་དུ་གཏོང་འདོད་ཡོད་པ་དང་། དམངས་གཙོ་ཚོགས་པས་འཛིན་སྐྱོང་བྱེད་བཞིན་པའི་མངའ་སྡེ་རེ་ཟུང་གིས་ཨུ་ཚུགས་བྱས་ཏེ་སྒོ་རྒྱ་བསྡམས་ཏེ་དཔལ་འབྱོར་སྒོ་བརྒྱབ་ཡོད་ཀྱང་། དེས་སྤྱི་མཐུན་ཚོགས་པ་ལས་མི་མང་ལ་གནོད་འཚེ་ཆེ་བ་ཡོད་པ་དང་། མང་ཚོགས་ནས་སྤྱི་ཚོགས་རྒྱང་བཀྱེད་སོགས་ཀྱི་ཐབས་ལམ་ལག་བསྟར་ཐུབ་ཀྱི་ཡོད་སྟབས། མངའ་སྡེ་དེ་དག་གིས་ངེས་པར་དུ་དཔལ་བྱོར་སྒོ་འབྱེད་དགོས་སྐོར་སོགས་བརྗོད།

དེར་བྷའེ་ཌིན་གྱིས། ཐེར་འབུམ་མང་པོའི་བདག་པོ་ཊོམ་ཕུ་ལྟ་བུ་ཡིན་ན། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས། དཔྱ་ཁྲལ་གྱི་ཁེ་སྤོགས་ལ་བརྟེན་ནས་ཨ་སྒོར་ཐེར་འབུམ་ ༣༠༠ ལྡབ་འགྱུར་བཟོས་ཏེ་ཡག་པོ་བྱུང་ཡོད། སྐབས་དེར་ཁོས་ཁྲོམ་ར་ཁོ་ནའི་ཐོག་དོ་སྣང་སྤྲད་ཡོད། འོན་ཀྱང་། གྲོང་ཚོ་ཆུང་ཆུང་ཁག་ཏུ་ཁྱིམ་སྡོད་བཀའ་ཁྱབ་འོག་གནས་པའི་མི་མང་གིས་ག་རེ་བྱེད་ཐུབ་ཡོད་དམ། ཊོམ་ཕུས་སྐབས་དེར་དཔྱ་ཁྲལ་ཁྱོན་ཨ་སྒོར་ ༧༥༠ ལས་སྤྲད་མེད། སྐབས་དེར་ཁོ་ལས་ཁུངས་དུ་བསྡད་མེད་པ་དང་དེ་ནི་ཨ་རིའི་སྲིད་འཛིན་གྱི་ལོ་རྒྱུས་ཁྲོད། ལས་ཁུངས་ནང་ལས་ཀ་མེད་པའི་སྲིད་འཛིན་ཐོག་མ་དེ་ཁོ་ཆགས་ཡོད་སྐོར་དང་། ཏོག་ནད་སྐབས་ལས་གནས་ཤོར་བའི་མི་མང་ནི་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམ་པར་ཏོག་ནད་ལ་གདོང་ལེན་བྱེད་མཁན་དང་མང་ཚོགས་ཀྱི་སྲོག་སྐྱོབ་མཁན་གྱི་མི་ཆགས་ཡོད་ལ། ཏོག་ནད་ཀྱི་རྐྱེན་པས་ཨ་རིའི་མངའ་སྡེའི་ཕྱེད་ཀ་ཙམ་གྱི་ནང་མི་གྲངས་ལས་འདས་པ་རྐྱེན་འདས་སུ་འགྲོ་ཡི་ཡོད་དུས། ཊོམ་ཕུས་སྤྱི་ཚོགས་སྒོ་འབྱེད་བྱས་ཏེ་མི་མང་གི་འཕྲོད་བསྟེན་དང་བདེ་འཇགས་ཀྱི་དཀའ་ངལ་སེལ་བར་དམིགས་ཡུལ་གང་ཡང་མེད་སྐོར་བརྗོད་སོང་།

དེ་བཞིན་གཙོ་སྐྱོང་བས་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་སེལ་ཐབས་ཐད་འོས་མི་གཉིས་ལ་ཐུན་མིན་གྱི་བྱེད་ཐབས་ཅི་ཡོད་དྲིས་པར། ཐོག་མར་སྲིད་འཛིན་གཞོན་པ་ཟུར་པ་བྷའེ་ཌིན་གྱིས། དེ་ནི་དྲང་སྙོམས་དང་འདྲ་མཉམ། རྩ་ཁྲིམས་བཅས་ཀྱི་གནད་དོན་ཞིག་ཡིན་པ་དང་། དམངས་གཙོ་ཚོགས་པས་ད་བར་དྲང་སྙོམས་དང་འདྲ་མཉམ་ཡོང་རྒྱུར་ཕྱིར་བཤོལ་བྱས་མྱོང་མེད་ཀྱང་། སྲིད་འཛིན་ཊོམ་ཕུ་ཡིས་དེར་སྣང་འཇོག་བྱས་མེད་པ་མ་ཟད། སྐུ་ཞབས་ཧྥེ་ལོ་ཌི་ (Floyd) འདས་གྲོངས་སུ་ཕྱིན་རྗེས། ཕོ་བྲང་དཀར་པོའི་ཕྱི་རོལ་དུ་ཞི་བའི་ལས་འགུལ་སྤེལ་སྐབས། ཞི་བའི་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་གཡུག་ཏུ་བཅུག་ཡོད་པ་སོགས་སྲིད་འཛིན་ཊོམ་ཕུས་ཐབས་ལམ་ཡོད་ཚད་སྤྱད་དེ་མི་རིགས་བར་དབྱེ་འབྱེད་དང་འཁྲུག་རྐྱེན་བསླངས་ཡོད་སྐོར་དང་། ད་བར་མི་རིགས་ནག་པོ་ལ་ཕན་པའི་བྱ་གཞག་གང་ཡང་བྱས་མེད་པའི་ཐོག མི་རིགས་ནག་པོའི་སྤྱི་ཚོགས་ལ་གནོད་པའི་བྱ་བ་བསྒྲུབས་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས།

དེར་སྲིད་འཛིན་ཊོམ་ཕུ་ཡིས། མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནད་དོན་ནི། ཁོ་ཚོས་ཨ་རིའི་ནང་མིག་དཔེ་ངན་པ་འཇོག་གི་ཡོད་པ་དང་། ང་ཚོས་ཨ་སྒོར་སྟོང་ཕྲག་མང་པོ་བཏང་སྟེ་བསམ་སྤྱོད་ངན་པའི་རིགས་སྤེལ་བར་བསྐུལ་མེད་ཀྱང་། ཁ་གཏད་ཚོགས་པ་ནས་མི་མང་ནང་སོ་སོའི་རྒྱལ་ཁབ་ལ་སྡང་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད་སྟབས། གནས་སྟངས་དེ་འདྲ་འབྱུང་དུ་འཇུག་འདོད་མེད་སྐོར་བརྗོད་སོང་།

སྤྱི་ཡོངས་ནས་ད་ཐེངས་ཀྱི་སྲིད་འཛིན་འོས་མིའི་བགྲོ་གླེང་དེ་དོན་མེད་ཁ་རྩོད་མང་པོ་བྱུང་བ་ཙམ་ལས་གནད་དོན་གལ་གནད་ཅན་དེ་ཚོར་གཏིང་ཟབ་པའི་བགྲོ་གླེང་བྱེད་ཐུབ་མེད་རྐྱེན། བགྲོ་གླེང་འདི་བརྒྱུད་ནས་ཨ་རིའི་འོས་ལྡུག་མཁན་ཚོའི་བསམ་བློར་འགྱུར་བ་དེ་ཙམ་གཏོང་ཐུབ་རྒྱུ་མིན་པའི་ངོས་འཛིན་དང་སྦྲགས། ཐེངས་འདིའི་སྐྱུག་བྲོ་བའི་བགྲོ་གླེང་གི་རྣམ་པ་ལ་བརྟེན་ནས་ཐེངས་རྗེས་མའི་བགྲོ་གླེང་གཉིས་དེ་ཕྱིར་འཐེན་བྱས་ན་ལེགས་པའི་བསམ་ཚུལ་ཡང་ཡོང་གི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་བགྲོ་གླེང་ལྷན་ཚོགས་ (Commission for Presidential Debates) གྱི་གོ་སྒྲིག་འོག་ཐོག་མར་ཕྱི་ལོ་ ༡༩༨༨ ཡས་མས་ནས་མགོ་བཙུགས་ཡོད་པ་དང་།  འདི་ལོར་ལྷན་ཚོགས་དེས་སྲིད་འཛིན་བགྲོ་གླེང་ཐེངས་གསུམ་དང་། སྲིད་འཛིན་གཞོན་པའི་བགྲོ་གླེང་གཅིག་གོ་སྒྲིག་བྱས་ཡོད་པའི་ཁྲོད། སྲིད་འཛིན་བགྲོ་གླེང་ཐེངས་གཉིས་པ་དེ་ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༡༥ དང་། ཐེངས་གསུམ་པ་དེ་ཟླ་དེའི་ཕྱི་ཚེས་ ༢༢ ཉིན་འཚོག་རྒྱུ་ཡིན་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་མེག་པེན་སི་ (Mike Pence) དང་། དམངས་གཙོ་ཚོགས་པའི་འོས་མི་ཀ་མ་ལ་ཧ་རི་སི་ (Kamala Harris) གཉིས་ཀྱི་བགྲོ་གླེང་དེ་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བསྐོང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༣༠

Leave a Reply