རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ ༢༠༠ ལྷག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་འདུག

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ ༢༠༠ ལྷག་གིས་ཉིན་བརྒྱ་དུས་གཅིག་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་འདུགདེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་མགོ་བཙུགས་ནས་མི་ལོ་ ༧༠ འཁོར་བའི་ཉིན་མོ་དང་བསྟུན། སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་རམ་ས་ལའི་མེ་གྷན་ཁྲོམ་གཞུང་དུ། རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ཁང་ནས་འབྲེལ་མཐུད་བྱས་པ་བརྒྱུད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཁག་ལྔ་མཉམ་འབྲེལ་ཐོག རྒྱ་ནག་ལ་གདོང་ལེན་ (Resist China) ཞེས་པའི་འབོད་ཚིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་ཞིག་སྤེལ་སོང་བ་དང་། སྐབས་དེར་དེ་རིང་རྒྱ་ནག་ལ་མཚོན་ན་དགའ་འོས་པའི་ཉིན་མོ་ཞིག་ཡིན་ནའང་། བོད་མིར་མཚོན་ན་མུན་ནག་གི་ཉིན་མོ་ཞིག་ཡིན་སྐོར་བསྒྲགས་སོང་།

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་མཉམ་འབྲེལ་བསྒྲགས་གཏམ་ནང་། རྒྱ་དམར་སྲིད་གཞུང་གི་བཙན་གནོན་འོག་བོད་མི་གྲངས་ལས་འདས་པ་འཛིན་བཟུང་དང་ཉེས་མེད་ཁྲིམས་གཅོད་ཕོག་ཡོད་ཅིང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་ངང་བཙན་བཟུང་བྱས་པའི་བོད་འདི་ཉིད་འཛམ་གླིང་ཐོག་བཀག་རྒྱ་ཆེ་ཤོས་དང་གཉའ་གནོན་ཆེ་ཤོས་ཀྱི་ས་ཆ་ཞིག་ཏུ་གྱུར་ཡོད་པ། ཡུ་གུར་མི་རིགས་ཀྱི་མི་ཁྲི་བརྒྱ་ལྷག་རྒྱུ་དམར་གྱིས་བཙོན་ཁང་དུ་ཉེས་མེད་བཙོན་འཇུག་བྱས་ཤིང༌། ཡ་ང་བའི་ཁྲིམས་ཆད་དང་སྡུག་སྦྱོང་མྱོང་བཞིན་ཡོད་པ། རྒྱ་དམར་གཞུང་གི་གསར་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བའི་འོག་ཧོང་ཀོང་བའི་རང་དབང་ཤོར་བཞིན་ཡོད་པ། སོག་ཡུལ་ལྷོ་ཕྱོགས་ཀྱི་རིག་གནས་དང་སྐད་རིགས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩ་བརླག་གཏོང་བཞིན་ཡོད་པ། རྒྱ་མིའི་ཁྲིམས་རྩོད་པ་སྟོང་ཕྲག་མང་པོ་དང༌། བུད་མེད་ཐོབ་ཐང་ལས་འགུལ་པ་སོགས་ཚང་མ་རྒྱ་དམར་གཞུང་གིས་བཀག་ཉར་བྱེད་བཞིན་པ། དེ་བཞིན་ཐའེ་ཝན་ལ་བཙན་ཤེད་ཀྱིས་སྒོ་ནས་འཇིགས་སྐུལ་དང་བརྙས་བཅོས་བྱེད་བཞིན་པ། རྒྱ་དམར་དབང་འཛིན་སྲིད་གཞུང་གིས་རྒྱལ་མཚམས་འགལ་ནས་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་དང་། ཨ་རི། ཡོ་རོབ་སོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་རྒྱ་དམར་གསང་ཉུལ་བ་སིམ་འཛུལ་གྱིས་སྤྱི་ཚགས་བདེ་འཇགས་ལ་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་སྤེལ་བཞིན་པ་བཅས། མདོར་ན་རྒྱ་དམར་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་པའི་བྱ་སྤྱོད་དང་དྲིལ་བསྒྲགས་རྒྱལ་མཚམས་ལས་རྦད་དེ་བརྒལ་པའི་རྒྱ་དམར་གུང་ཁྲན་ཏང་གི་བཙན་འཛུལ་དང་སིམ་འཛུལ་ལ་བརྟེན་ནས་སྲིད་གཞུང་དང་ཁེ་ལས་པའི་སྒྲིག་འཛུགས། རྒྱལ་སྤྱིའི་སྒྲིག་གཞི་ཁག་དང་འགལ་བའི་ཐ་ཤལ་གྱི་བྱེད་འབབ་དེ་དག་ལ་ངོ་རྒོལ་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཡིན་སྐོར་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཕྱོགས་ཡོངས་ན་སྟོབས་དང་ལྡན་པའི་རྒྱ་ནག་དམར་པོའི་དབང་འཛིན་རིང་ལུགས་ཀྱི་སྲིད་དབང་ལ་ནུས་པ་ལྡན་པའི་འགྲན་རྩོད་བྱས་ཏེ་རྒྱ་ནག་གཅིག་གི་སྲིད་ཇུས་ཟེར་བ་མཇུག་སྒྲིལ་རྒྱུའི་འབོད་སྐུལ་བྱས་ཡོད་འདུག

ཡང་བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་ཚོགས་གཏན་ཁེལ་བའི་དགུན་དུས་ཨོ་རྩལ་འགྲན་བསྡུར་དང་འབྲེལ་ནས། རྒྱ་ནག་དམར་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་དེས་མུ་མཐུད་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པའི་སྐབས་དེར། ༢༠༢༢ ལོའི་དགུན་དུས་ཨོ་ལིམ་པིག་འགྲན་ཚོགས་རྒྱ་ནག་ནང་ཚོགས་རྒྱུའི་ཐག་གཅོད་དེས་ཨོ་ལིམ་པིག་གི་འགྲན་ཚོགས་ཀྱི་གཞི་རྩའི་དགོངས་དོན་དང་དམིགས་ཡུལ་ལས་འགལ་ཡོད། ད་ལྟའི་རྒྱ་དམར་སྲིད་གཞུང་གིས་འཛེམ་བག་མེད་པར་དབང་ཆ་གང་བྱུང་དུ་སྤྱད་པ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཡིན་པར་བརྟེན་ཨོ་ལིམ་པིག་གི་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་མཐུན་གྱི་མེད་པས། ང་ཚོས་རྒྱལ་སྤྱིའི་ཨོ་ལིམ་པིག་མཐུན་ཚོགས་གིས་མིའི་རིགས་ཀྱི་བཟང་སྤྱོད་གི་གཏན་འབེབས་ལྟར། ཕྱི་ལོ་ ༢༠༢༢ ལོར་ཨོ་ལེམ་པིག་དགུན་དུས་རྒྱ་ནག་ནང་ཚུགས་རྒྱུར་ངེས་པར་དུ་ ཕྱིར་འཐེན་བྱ་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད།ད་ཐེངས་ཀྱི་ལས་འགུལ་གྱི་མདུན་ཐང་དུ་རྩ་རས་ཀྱིས་བཟོས་པའི་མིའི་ཕུང་གཟུགས་སྤུངས་པའི་ཟུར་ནས་ཁྲག་དམར་པོ་འཛར་བཞིན་པའི་རྣམ་པ་དང་། ཕུང་གཟུགས་གི་སྟེང་དུ་རྒྱ་ནག་དམར་པོའི་རྫུན་གཏམ་གྱིས། གཞིས་བྱེས་བོད་མིའི་ཚེ་སྲོག་འཕྲོག་ཅེས་པའི་ཡིག་འབྲུ་འཁོད་པའི་སྦྱར་ཡིག་ཅིག་བཤམས་ཡོད་ཅིང་། དེ་ནི་འདས་པའི་ལོ་ངོ་ ༧༠ རིང་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་མནར་གཅོད་བཏང་ནས་འདས་གྲོངས་སུ་གྱུར་བའི་བོད་མིའི་ཚབ་མཚོན་ཡིན་པ་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འབག་གྱོན་པའི་མི་ཞིག་གིས་ལྕགས་ཐག་བརྒྱབ་ནས་འཁྲིད་བཞིན་པའི་མི་ལྔའི་ཁྲོད་ནས། གཅིག་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་བྱས་པའི་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་དང་། གཅིག་ནི་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་ལྕགས་འཁོར་མི་ (Tank Man) མཚོན་ཞིང་། གཞན་གསུམ་ནི་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་མཚོན་གྱི་ཡོད་འདུག

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་མགོ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་དང་བསྟུན། ཨ་རིའི་ནིའུ་ཡོག་དང་། ཧྥ་རན་སིའི་པེ་རི་སི་ཡིས་མཚོན་པའི་འཛམ་གླིང་གི་གྲོང་ཁྱེར་ ༦༠ ལྷག་གི་ནང་གི་བོད་མི་དང་། ཡུ་གུར། ཧོང་ཀོང་། ལྷོ་སོག ཐའེ་ཝན། རྒྱ་རིགས་དམངས་གཙོ་དོན་གཉེར་བ་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ ༢༠༠ ལྷག་གིས་དུས་གཅིག་ཏུ་མཉམ་འབྲེལ་སྒོས། གོ་ལའི་ལས་འགུལ་ཉིན་མོ་(Global Day of Action) ཞེས་པའི་མིང་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་དང་གོམ་བགྲོད་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༡

Leave a Reply

3 thoughts on “རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ ༢༠༠ ལྷག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་འདུག

  1. Plz 👍 ཐུགས་རྗེ་གཟིགས། རྒྱ་དམར་གཅིག་པོ་མིན། བཙན་བྱོལ་ཆུང་ཆུང་ཞིག་གི་ནང་ སྐུ་དྲག་གི་དམག་སྒར། གཞོན་ནུ་དམག་སྒར། བོད་རང་བཙན་སློབ་ཕྲུག་དམག་སྒར། བུད་མེད་ཐོབ་སྟང་དམག་སྒར། སྐྱིད་སྡུག་དམག་སྒར། ཆུ་ཤི་གཱན་དྲུ་དམག་སྒར། དོད་རྒྱལ་དམག་སྒར། Bir ཨོ་རྒྱན་སྟོབ་རྒྱལ་དམག་སྒར། བློ་སེང་གིས་ གཞོན་སྐྱེས་སློབ་གསོ་དམག་སྒར་ 5+50 བསྐལ་རྡོར་གིས་ གཞོན་སྐྱེས་ཁོག་རྒྱང་དམག་སྒར་ Empowering The Vision རྒྱ་གར་གྱི་དམག་སྒར། ཨ་རི་དམག་སྒར། རྒྱ་མི་དམག་སྒར། རྒྱུག་ཁྱི་དང་བཅས་པ་ཆ་ཚང་ཡོད། 😂 😂 😂 😂 😂 😅

  2. བསོད་ནམས་རྒྱལ་མཚན།

    བོད་མི་མང་ཚོ་ ཤེས་པར་བགྱིས་ལ་ འདི་སྤྱིརསྟངས་འབྲས་དཀར་ཞིག་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཟེར་བ་ མིང་ཙམ་རེད། དེང་སང་རྒྱལ་སྤྱིའི་ངོ་རྒོལ་དེ་ འགྲོ་བ་མིའི་ཐོབ་ཐང་ཆེད་ རྒྱ་དམར་ལ་ངོ་རྒོལ་མ་རེད། ད་ཆ་ རྒྱལ་སྤྱིའི་ནང་ རྒྱ་ནག་ ཝུ་ཧཱན་ནས་ ཁྱབ་པས་ Corona 🦠 ནད་ཡམ་གྱིས་ གྱོང་གུད་ཆེན་པོ་ཕོག་པས་རྐྱེན་གྱིས་ རྒྱ་དམར་ལ་ངོ་རྒོལ་རེད། དུས་རྒྱུན་རྒྱ་ནག་ནས་ཁེ་ཕན་ཆེན་པོ་ཐོབ་དུས་ འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་རེད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ངོ་མ་དེ་་་ རྒྱ་ནག་དང་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་ཚོ་ཡིན། སྤྱང་གྲུང་མ་བྱེད་ན་་་ ཤིང་དགྲ་སྟ་རེ་ཡིན་མོད་ཀྱང་། དེ་ཡི་ཡུ་བ་ཤིང་གིས་བྱེད་ དཔེ་ལྟར་ཆགས་ཡོང་ད།