ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ལམ་ལུགས་མེད་པ་བཟོ་དགོས་སམ།

སྲིད་སྐྱོང་འོས་མི་བཀྲིས་དབང་འདུས།

༧རྒྱལ་བའི་བཀའ་སློབ་གཞིར་བཟུང་།
དྲུག་ཅུ་རེ་གཉིས་ལོ་ལ།
སྤྱི་འཐུས་ཐོག་མ་འདེམས་ཡོད།
དགུ་བཅུའི་གོ་གཅིག་ལོ་ལ།
སྤྱི་འཐུས་མང་དུ་བཏང་ཡོད།
མི་ལོ་སུམ་ཅུ་ཕྱིན་སོང་།
བསྐྱར་བཅོས་དུས་ལ་འབབ་སོང་།
མང་གཙོའི་ལུགས་དང་མཐུན་དགོས།
ཆོལ་ཁ་ཆོས་ལུགས་ཀྱི་དོར་དགོས།

༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྗོགས་བཙན་བཟུང་བྱས་ནས། ༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་རེད། ༡༩༦༠ ལོར་༧རྒྱལ་བ་རིན་པོ་ཆེའི་བོད་འབངས་ཡོངས་ལ་མང་གཙོ་གསོལ་རས་གནང་ནས་བཀའ་སློབ་ལམ་སྟོན་གཞིར་བཟུང་མི་མང་གིས་འཐུས་མི་འདེམས་ནས་སྤྱི་འཐུས་གྲོས་ཚོགས་ཐོག་མ་དབུ་འཛུགས་གནང་ཡོད་པ་རེད།

དུས་དེ་ནས་མི་ལོ་སུམ་ཅུའི་རིང་སྤྱི་འཐུས་སྐབས་བཅུ་བྱུང་ཡོད་པ་དེར་ཚོགས་མི་གྲངས་ ༡༡ ནས་ ༡༧ བར་ཆོལ་ཁ་དང་ཆོས་ལུགས་སོ་སོའི་འཐུས་མི་ཚོགས་པ་སོ་སོའི་ཚོགས་མི་ནས་འདེམས་ཐོན་གནང་ཡོད་རེད།   ༡༩༩༠ ཐམ་པའི་ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ་དང་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ། བྱང་ཨ་རི་ནས་གཅིག་དང་ཡུ་རོབ་ནས་འཐུས་མི་གཉིས་བཅས་མི་མང་ནས་ཐད་ཀར་ཉིན་བརྒྱ་དུས་གཅིག་ལ་འོས་འདེམས་བྱ་རྒྱུའི་སྒྲིག་གཞི་གསར་བཟོ་གནང་ནས་ད་ཆ་མི་ལོ་སུམ་ཅུ་འཁོར་ཡོད་པ་རེད །

༧རྒྱལ་བ་རིན་པོ་ཆེའི་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གྱི་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་གནང་བའི་རྗེས།
ང་ཚོའི་བོད་ཀྱི་མང་གཙོ་དེ་དེ་མུར་གནས་བསྡད་པ་ཡིན་ན།
ང་ཚོའི་བོད་ཀྱི་མང་གཙོ་དེ་གོམ་པ་མདུན་སྤོ་རྒྱག་མ་ཐུབ་པ་ཡིན་ན།
ང་ཚོའི་བོད་ཀྱི་མང་གཙོ་དེ་ཆེས་རྗེས་ལུས་ཅན་དུ་འགྱུར་པ་ཡིན་ན།
དེ་ནི་བློ་ཕམ་པའི་རང་བཞིན་ཅན་ཡིན་སྟབས། ནམ་ལངས་ཁའི་བྱ་སྐད་ཟེར་བ་བཞིན་བོད་ཀྱི་མང་གཙོ་དེ་འཇམ་གླིང་སྤྱིའི་འགྲོ་ལུགས་དང་རྒྱལ་སྤྱི་རང་བཞིན་ལྡན་པའི་མང་གཙོའི་ལམ་ལུགས་ལ་གོམ་པ་མདུན་སྤོ་ཆེད།  རྐྱེན་མ་ཡོང་གོང་ལ་བཟློག། ཆུ་མ་ཡོང་གོང་ལ་རགས་ཟེར་བ་བཞིན་ད་ལྟའི་ཡོང་ཁུངས་དང་སྒྲུབ་ཆའི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་དེ་མེད་པ་བཟོ་དགོས་ཀྱི་འདུག

མང་གཙོའི་ལམ་ལུགས་གཞིར་བཟུང་གྲོས་ཚོགས་གོང་འོག་གཉིས་དགོས་པ་དང་གྲོས་ཚོགས་གོང་མ་འམ་ད་ཡོད་སྤྱི་འཐུས་རྒྱུན་ལས་ནང་བོད་ཆོལ་ཁ་གསུམ་མཚོན་བྱེད་ཆོལ་ཁ་རེ་ནས་འཐུས་མི་གཉིས་རེ་དང་། དེའི་ཡོང་ཁུངས་སྟེ་ཆོལ་ཁ་སོ་སོ་ནས་ཐད་ཀར་འདེམས་དགོས།  བོད་ཀྱི་མང་གཙོ་དེ་ཐུན་མོང་མ་ཡིན་པའི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་མུ་མཐུད་གནས་ཆེད། ཆོས་རྒྱུད་རེ་ནས་འཐུས་མི་རེ་། དེའང་ཆོས་རྒྱུད་སོ་སོའི་བླ་ཆེན་ནས་ཐད་བསྐོས་གནང་རྒྱུ་བཅས་བསྡོམས་གྲོས་ཚོགས་གོང་མར་འཐུས་མི་བཅུ་གཅིག་དགོས།

ད་ཆ་སྐྱབས་བཅོལ་བོད་མི་བརྒྱ་ཆ་ལྔ་བཅུ་ཙམ་ནུབ་ཕྱོགས་རྒྱལ་ཁབ་མ་འདྲ་བ་གསུམ་བཅུ་ཙམ་གྱི་ནང་གནས་སྤོས་ཟིན་ཡོད་སྟབས། གྲོས་ཚོགས་འོག་མའི་ནང་སྤྱི་འཐུས་སུམ་ཅུ་ཐམ་པ་ས་གནས་མི་འབོར་གཞིར་བཟུང་སྤྱི་འཐུས་འདེམས་ཐོན་བྱུང་དགོས། ༢༠༡༦ ལོར་འོས་བསྡུ་དེབ་བསྐོད་བྱུང་པ་བོད་མི་གྲངས་ ༩༠,༠༠༠ ཙམ་ཡོད་པ་དེར་གཞིགས་ན་མི་འབོར་ ༣༠༠༠ ཙམ་ལ་འཐུས་མི་རེ་ཐོབ་ཀྱི་འདུག ད་ཡོད་སྤྱི་འཐུས་མེད་སའི་གཞིས་ཆགས་ཆེ་ཁག་དང་ཕྱི་རྒྱལ་རྒྱལ་ས་ཆེ་ཁག་ནང་སྤྱི་འཐུས་ཡོང་ཐུབ་པ་མ་ཟད་བསྐོས་པའི་མི་དང་བཙུགས་པའི་ཤིང་ཟེར་བ་ནང་བཞིན་ས་གནས་ཀྱི་འཐུས་མི་དེ་ས་གནས་དེ་རང་ལ་གནས་སྡོད་བྱེད་བཞིན་པ་ཞིག་འདེམས་ཐུབ་དགོས།

སྤྱི་འཐུས་རྣམ་པ་ནི་མི་མང་གྱི་སྐུ་ཚབ་ཡིན་པས་མི་མང་གི་བསམ་ཚུལ་དང་གནས་སྟངས་གོ་རྟོགས་ཐུབ་ནས་དེ་གཞིར་བཟུང་ཁྲིམས་དང་སྒྲིག་གཞི་བཟོ་དགོས་ཡོད་སྟབས། ས་གནས་སུ་རྒྱུན་རིང་གནས་དགོས་པ་ལས་མགྲོན་པོ་ལྟ་བུ་ལོ་རེར་མཚམས་གཟིགས་ཐེངས་རེ་གཉིས་ཕེབས་པ་ཙམ་གྱི་མི་མང་གི་གནས་ཚུལ་རྒྱ་ཆེ་ས་ནས་དང་ཞིབ་ཕྲ་སྒོ་ནས་རྟོགས་མི་ཐུབ། བསྒྱུར་བཅོས་གསར་པ་འདི་སྒོ་ནས། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་ལབ་གླེང་ཆེ་བའི་དགེ་འདུན་པ་རྣམས་ལ་འོས་གཉིས་འཕེན་ཆོག་པའི་ཐོབ་ཐང་འདུག་ཟེར་བ་དེ་ཡང་རང་བཞིན་གྱིས་མེད་པ་ཆགས་འགྲོ་ཡི་རེད།

གཞི་རྩའི་མང་གཙོའི་ལམ་ལུགས་ནང་མི་མང་གྱི་སོ་སོའི་འཐུས་མི་འདེམས་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་བཞིན་འཐུས་མི་ཚོ་ཡང་མི་མང་གི་སྐུ་ཚབ་མཚོན་གྱི་ཡོད་རེད་། འཐུས་མི་ཚོ་ཡང་སོ་སོ་ལ་འོས་ཐོབ་ཐབས་སུ་འོས་བླུག་མཁན་ཚོའི་ཆེད་དུ་ལས་ཀ་བྱེད་དགོས་ཀྱི་ཡོད་དུས། རང་བཞིན་གྱི་ཆོལ་ཁ་དང་ཆོས་ལུགས་ལ་ཞེན་ཁོག་སྐམ་པོ་དེ། མ་དོར་ཀ་མེད་ཆགས་འགྲོ་ཡི་རེད། དེ་འདྲ་སོང་ཙང་། ངས་འདོན་པའི་ཁྲིམས་འཆར་གསར་པའམ། བསྒྱུར་བཅོས་ཀྱི་ས་བོན་འདིའི་ཐོག་ནས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་ཉུང་དུ་ཕྱིན་ནས། ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་བཏང་ཐུབ་པ་ལོང་བས་ལྟས་ཀྱང་མཐོང་ཐུབ་ཞེས་པའི་དཔེ་ལྟར།

མཐའ་དོན་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུ་ནི་ཕྱི་མ་དྲགས་ནའང་སྔ་་དྲགས་མིན་འདུག་ཞུས་ནས་གཏམ་ཐག་ཐུང་ན་ཉན་བདེ། ཡོབ་ཐག་ཐུང་ན་བཞོན་བདེ་ཟེར་པ་བཞིན། འདི་ནས་མཚམས་བཞག་གི་ཡིན།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply

5 thoughts on “ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ལམ་ལུགས་མེད་པ་བཟོ་དགོས་སམ།

  1. ༢༠༡༦ ལོ་ལ་སྲིད་སྐྱོང་འོས་མིར་ལངས་ཡང།
    ཆ་རྐྱེན་ཁྱེད་ལ་མེད་སྟབས་།
    སྲིད་སྐྱོང་འོས་ཐོན་མ་བྱུང།
    བཀྲིས་བདང་འདུས་མར་བཞུགས།
    སྲིད་སྐྱོང་ཐོབ་རེ་བྲལ་བཞག།