ཟླ་འདིའི་ཕྱི་ཚེས་ ༡༥ ནས་རྒྱ་གར་ནང་སློབ་གྲྭ་ཁག་སྒོ་འབྱེད་ཆོག་གི་ཡོད་འདུག

རྒྱ་གར་གཞུང་གིས་ཏོག་དབྱིབས་གཉན་རིམས་སྒོ་འབྱེད་ཐེངས་ལྔ་པ་བསྒྲགས་ཏེ་ཁྱིམ་བདག་དང་སློབ་ཕྲུག་གི་འདོད་མོས་གཞིར་བཟུང་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་སློབ་གྲྭ་ཁག་སྒོ་ཕྱེ་ཆོག་གི་ཡོད་འདུགཁ་སང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་རྒྱལ་ཡོངས་སྒོ་འབྱེད་ཐེངས་ ༥ པ་དེ་ཡོངས་བསྒྲགས་གནང་ཡོད་པ་དང་། ཐེངས་འདིའི་སྒོ་འབྱེད་དུས་རིམ་ནང་ཕྱི་ཟླ་ ༡༠ ཚེས་ ༡༥་ནས་བཟུང་། རྒྱ་གར་རྒྱལ་ཡོངས་སུ་དམར་རྟགས་ནང་ཡོད་པའི་ས་ཁུལ་ཕུད་པའི་ས་ཁུལ་ཚང་མར་སློབ་གྲྭ་ཁག་དང་མཐོ་སློབ་ཁང་། ཤེས་ཡོན་གྱི་ལྟེ་གནས་ཁག་སྒོ་འབྱེད་ཆོག་སྐོར་གསུངས་འདུག་ལ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཙམ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་ཤེས་ཡོན་གྱི་ལྟེ་གནས་ཚང་མ་སྒོ་རྒྱག་ཏུ་བཅུག་ནས་ཟླ་ ༦ ལྷག་འགྲོ་བཞིན་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་དེ་འབྲེལ་གནས་ཚུལ་ནང་སློབ་གྲྭ་ཁག་སྒོ་ཕྱེ་སྐབས་སློབ་ཕྲུག་ཚོར་ཏོག་ནད་འགོག་སྲུང་གི་སྒྲིག་གཞི་གཞིར་བཟུང་ཚོགས་དགོས་པ་དང་། དེ་བཞིན་མི་མང་འདུ་འཛོམས་བྱེད་ཡུལ་ཁག་ཏུ་དུས་གཅིག་ཏུ་མི་མང་པོ་འཛོམས་མི་ཆོག་པ་བརྒྱ་ཆ་ཕྱེད་ཀ་བྱས་ཏེ་ཚོགས་དགོས་པ་དང་། སློབ་གྲྭ་ཁག་སྒོ་ཕྱེ་བར་དབུས་ཤེས་ཡོན་བློན་ཆེན་གྱིས་ཀྱང་བཀའ་འཁྲོལ་གནང་ཡོད་པ་དང་། མངའ་སྡེ་ཁག་དང་ཐད་སྐྱོང་ཁུལ་ཁག་གིས་སློབ་གྲྭ་སོགས་སྒོ་འབྱེད་པར་དབུས་གཞུང་གི་ལམ་སྟོན་ཚད་གཞི་ལྟར་གྲ་སྒྲིག་དགོས་སྐོར་གསུངས་འདུག

ཡང་གནས་ཚུལ་ནང་སློབ་གྲྭ་ཁག་སྒོ་ཕྱེ་སྐབས་རྟོག་ཞིབ་དང་གནས་སྟངས་ལ་གཞིགས་ནས་སྒོ་ཕྱེ་དགོས་པ་དང་། སློབ་གྲྭ་ཚོགས་པར་སློབ་ཕྲུག་རྣམས་ངེས་པར་ཡོང་དགོས་པའི་གཏན་འཁེལ་སོགས་མེད་པར་ཕ་མའི་འདོད་མོས་དང་བསྟུན་དགོས་པ་དང་། སློབ་ཕྲུག་ཁ་ཤས་དངོས་སུ་སློབ་གྲྭར་ཡོང་འདོད་མེད་པར་དྲ་ལམ་ནས་སློབ་ཚན་ཚོགས་འདོད་ཡོད་ན། སློབ་གྲྭའི་ངོས་ནས་ངེས་དུ་སློབ་ཕྲུག་དེ་རིགས་ལ་མཐུན་རྐྱེན་སྦྱར་དགོས་སྐོར་གསུངས་འདུག

ཐེངས་འདིའི་སྒོ་འབྱེད་ནང་གཙོ་བོ་སློབ་གྲྭ་ཁག་དང་། གློག་བརྙན་ཁང་། སྤྲོ་སྐྱིད་ས་ཚིགས། ཆུ་རྐྱལ་རྫིང་བུ་ཁག་དང་། འགྲེམས་སྟོན་ཁང་སོགས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་རིགས་ཚང་མ་གོ་རིམ་ཡོད་པའི་སྒང་ནས་སྒོ་འབྱེད་ཆོག་གི་ཡོད་པ་ན་ཡང་། གློག་བརྙན་ཁང་དུ་མི་གྲངས་བརྒྱ་ཆ་ ༥༠ ལས་འཛོམས་མི་ཆོག་པ་དང་། དེ་མིན་སྤྱི་ཚོགས་ལས་རིགས་དང་ཆོས་ལུགས་འདུ་འཛོམས། ཆབ་སྲིད་དང་ཚོང་ལས་རིགས་ལ་མི་གྲངས་ ༡༠༠ ལྷག་འཛོམས་ཆོག་ན་ཡང་། ས་ཁུལ་གུ་དོག་པོ་རིགས་སུ་མི་གྲངས་ ༢༠༠ ལས་འཛོམས་ཆོག་གི་མེད་འདུག

རྒྱ་གར་རྒྱལ་ཡོངས་ནང་ཁ་སང་གཅིག་པུར་ཏོག་དབྱིབས་ནད་པ་གསར་པ་ ༨༠༤༧༢ ཐོན་ཏེ། ད་བར་གྱི་རྒྱལ་ཡོངས་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ས་ཡ་ ༦།༤ འཕར་ཡོད་ཅིང་། དེ་དག་ཁྲོད་ནས་ཁ་སང་བར་ནད་པ་འབུམ་ ༡ མ་ཟིན་པ་ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༡

Leave a Reply

One thought on “ཟླ་འདིའི་ཕྱི་ཚེས་ ༡༥ ནས་རྒྱ་གར་ནང་སློབ་གྲྭ་ཁག་སྒོ་འབྱེད་ཆོག་གི་ཡོད་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    བཙན་བྱོལ་བོད་མིའི་གཏན་ཉིན་སམ་བྷོ་ཊའི་སློབ་གྲཱ་ཁག་གི་གནས་སྟངས་ག་འདྲ་ཆགས་ཀྱི་རེད་དེ་སྐོར་མང་ཚོགས་གི་ཤེས་རྟོགས་ཆེད་གསལ་བཤད་གནང་དགོས་ཀྱི་མེད་པ་ཡིན་ནམ?