དམར་ཤོག་ཚོགས་མིས་ཨ་རིའི་ནང་མི་སེར་ཐོབ་ཐང་ཞུ་མི་ཆོག་པའི་བཀའ་ཁྱབ་བཏང་།

ཨ་རིའི་མི་སེར་ཞུ་ཕྱོགས་ཀྱི་ཁྲིམས་ཡིག་གཞིར་བཟུང་དམར་ཤོག་ཚོགས་པ་ཚུད་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ཚོགས་མི་ཨ་རིར་གཏན་སྡོད་དང་། ཡུལ་དེའི་མི་སེར་ཐོབ་ཐང་ཞུ་ཆོག་གི་མེད་པའི་ལམ་སྟོན་བཀའ་ཁྱབ་བཏང་ཡོད་འདུགདེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་མི་སེར་དང་གཞིས་སྤོས་ལས་ཁུངས་(US Citizen and Immigration Services (USCIS) ཀྱིས། ཨ་རིའི་མི་སེར་ཞུ་ཕྱོགས་ཀྱི་ཁྲིམས་ཡིག་གཞིར་བཟུང་དམར་ཤོག་ཚོགས་པ་ཚུད་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ཚོགས་མི་སུ་རུང་ཞིག་ཨ་རིར་གཏན་སྡོད་དང་། མི་སེར་ཞུ་ཆོག་གི་མེད་པའི་ལམ་སྟོན་བཀའ་ཁྱབ་བཏང་ཡོད་ཅིང་། དབྱེ་ཞིབ་པས་བཀའ་ཁྱབ་འདི་ནི་རྒྱ་ནག་ལ་དམིགས་པ་ཞིག་ཡིན་སྐོར་རྗོད་བཞིན་ཡོད་འདུག

བཀའ་ཁྱབ་དེའི་ནང་། དམར་ཤོག་ཚོགས་པ་དང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ཚོགས་པ་གཞན་དང་འབྲེལ་བའི་མི་སུ་ཞིག་ཡིན་རུང་། ཨ་རིའི་མི་སེར་བཅའ་ཡིག་གི་དམ་འབུལ་ནང་གི་ཨ་རིའི་རྩ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་རྒྱབ་སྐྱོར་ངོས་ལེན་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་པའི་དམ་བཅའ་དེ་དང་འགལ་གྱི་ཡོད་སྐོར་དང་། ད་ཐེངས་ཀྱི་ལམ་སྟོན་བཀའ་ཁྱབ་འདི་ནི་ཨ་རིའི་བདེ་སྲུང་དང་བདེ་འཇགས་ལ་གཞིགས་ཏེ་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག

སྤྱིར་མི་སེར་དང་གཞིས་སྤོས་ལས་ཁུངས་ཀྱི་བཀའ་ཁྱབ་དེའི་ནང་རྒྱ་ནག་ཟུར་དུ་མིང་འདོན་བྱས་མེད་ནའང་། ཚོང་འབྲེལ་དང་། ཏོག་དབྱིབས་གཉན་རིམས། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱིས་མཚོན་པའི་གནད་དོན་མང་པོའི་ཐོག ཨ་རྒྱའི་ཕྱི་འབྲེལ་དེ་འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་བྱུང་མྱོང་མེད་པའི་ཉམས་ཉེས་ཀྱི་གནས་སུ་ལྷུང་བཞིན་པའི་སྐབས་འདིར། ད་ཐེངས་ཀྱི་ལམ་སྟོན་བཀའ་ཁྱབ་འདི་ཚོགས་མི་ས་ཡ་ ༩༢ ལྷག་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པར་དམིགས་པ་ཞིག་ཡིན་པ་མངོན་གསལ་ཡིན་སྐོར་རྗོད་ཀྱིན་འདུག་ལ། རྒྱ་ནག་གིས་ཨ་རི་དང་ཚོང་དམག་བརྒྱབ་པ་ནས་བཟུང་ཨ་རིས་རྒྱ་ནག་ཐོག་གྲང་དམག་ (Cold War) སྐབས་ཀྱི་འདུ་ཤེས་འཛིན་གྱི་ཡོད་སྐོར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ལ། ཨ་རིས་ ༡༩༥༠ ལོ་ནས་ཨུ་རུ་སུ་དང་གྲང་དམག་རྒྱག་སྐབས་གཞིས་སྤོས་ཀྱི་ཁྲིམས་ཡིག་འདི་ལག་བསྟར་བྱས་ཡོད་འདུག

ཨ་རིར་རྟེན་གཞི་བྱས་པའི་གཞིས་སྤོས་སྲིད་བྱུས་ལྟེ་གནས་ཁང་ (Migration Policy Institute) ལྟར་ན། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་ནང་རྒྱ་ནག་ནས་གནས་སྤོས་བྱེད་མཁན་མི་གྲངས་ས་ཡ་ ༢།༥ ཡོད་ཅིང་། དེ་ནི་ཨ་རིའི་ཕྱི་མི་གནས་སྤོ་བའི་ཁྲོད་ཀྱི་བརྒྱ་ཆ་ ༥།༥ ཡིན་སྐོར་དང་། ལོ་དེར་ཨ་རིར་གཏན་སྡོད་བྱེད་མཁན་མི་གྲངས་ས་ཡ་ ༡།༡ བྱུང་བའི་ཁྲོད་ནས་ ༦༧༠༠༠ རྒྱ་ནག་ནས་ཡིན་འདུགའདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས། ཨ་རིའི་གཞུང་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་མིན་ཐད་ནང་མོལ་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་སྟབས། ཟླ་དེའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གལ་ཏེ་བདེན་པ་ཡིན་ཚེ་སྟོབས་ཆེན་རྒྱལ་ཁབ་ཅིག་གི་བྱེད་སྟངས་དེ་ཧ་ཅང་ཡ་ང་བོ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་ཧྥོག་སི་གསར་ཁང་ (Fox News) གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ལགས་ལ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐད་ཀར་ལན་མ་སྤྲད་པར། ཨ་རིའི་འཛིན་སྐྱོང་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་ཐབས་འཚོལ་བཞིན་ཡོད་ཀྱང་། དེ་ཉིད་ཨ་རིའི་ལུགས་སྲོལ་དང་མཐུན་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་དང་འབྲེལ་ཡོད་མི་སྣས་ཐབས་བྱུས་མང་པོ་ཞིག་ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་ལ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀེ་ལེ་མེག་ནེ་ནི་ (Kayleigh McEnany) ལགས་ཀྱིས། ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་ཐད་ཐག་གཅོད་གང་ཡང་བྱས་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༥

Leave a Reply