བསང་ཆུའི་བོད་མི་བཅུ་ལ་ཁྲིམས་ཆད་དྲང་བདེན་མ་བྱུང་བའི་སྐྱོན་བརྗོད་གནང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པ་དེ་ཉེས་ཆད་བཙན་འགེལ་ཡིན་པའི་སྐྱོན་བརྗོད་གནང་འདུགཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ནས་ཉིན་གཉིས་རིང་། བོད་ཀན་ལྷོ་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་བཤེར་བྱེད་སྐབས་ཀྱི་ཆུ་ཚོད་ ༡༠ ཅན་གྱི་བརྙན་ཞིག་ལག་སོན་བྱུང་བར་གཞིགས་ན། ཁྲིམས་བཤེར་སྐབས། ཁྲིམས་ཞིབ་པ་དང་ཞུ་གཏུག་པས་ཡང་དང་བསྐྱར་དུ་བོད་མི་དེ་ཚོར་ནག་ཚོགས་ (Evil gang) ཞེས་མིང་འབོད་བྱས་ཡོད་པ་དང་། ནག་སེལ་གཤེད་བཅོམ་ཟེར་བ་དེའི་མིང་འོག་ནས་བོད་མི་ཚོར་བཙན་གནོན་དང་ཁྲིམས་ཆད་དྲང་བདེན་ཡོང་གི་མེད་པའི་སྐྱོན་བརྗོད་གནང་འདུག

ཕྱི་ལོ་ ༢༠༡༢ ལོར་བསང་ཆུ་རྫོང་བང་དཀར་ཐང་ཕྱོགས་སུ་རྒྱ་ནག་གཞུང་གིས་རོགས་སྐྱོར་འཛུགས་བསྐྲུན་ཞེས་པའི་ལས་གཞིའི་ཁྲོད། ས་གནས་སུ་བཤས་ར་བཙུགས་པ་བོད་མིས་འགོག་ཐབས་བྱས་པ་དང་། རྗེས་སུ་འགོག་མ་ཐུབ་པར་བརྟེན་གུན་གསབ་དགོས་བའི་དགོས་འདུན་བཏོན་ཏེ། བཤས་ར་ཁང་གིས་ས་གནས་སུ་མཆོད་རྟེན་ཞིག་བཞེང་ཆེད་རྒྱ་སྒོར་ས་ཡ་གཅིག་གུན་གསབ་ཏུ་སྤྲད་པ། མྱུར་སྐྱོད་གཞུང་ལམ་སོགས་འཛུགས་བསྐྲུན་གྱི་ལས་གཞིའི་ཁྲོད་ས་གནས་ཀྱི་ཡུལ་མིའི་ཞིང་ས་ཤོར་བ་དང་། ཡུལ་མིའི་ཁང་ཁྱིམ་ལ་སེར་གས་བྱུང་བར་གུན་གསབ་ཕྲན་བུ་རེ་བླངས་བར་བརྟེན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་དངུལ་བཙན་འཕྲོག་བྱས་པ་དང་། བཙན་དབང་གིས་ཚོང་རྒྱག་ཏུ་བཅུག་པའི་ཉེས་འཛུགས་བྱས་ཏེ། ལོ་༩ དང་ཕྱེད་ཀ་ནས་ལོ་ ༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁྲིམས་ཞིབ་སྐབས་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་གནམ་ལྷ་དགོན་པའི་དགེ་འདུན་པ་བཀྲ་ཤིས་རྒྱ་མཚོ་ལགས་སུ་མི་ལོ་ ༡༤ ཡི་ཁྲིམས་ཐག་བཅད་པ་དང་རྒྱ་སྒོར་ཁྲི་བདུན་གྱི་ཉེས་ཆད་བཅད་པ། དེ་བཞིན་སྙིང་ལྕགས་དང་རྒྱལ་ལོ། བསོད་ནམས་རྒྱལ་དང་སྟག་ཐར་རྒྱལ་བཅས་ལ་མི་ལོ་ ༡༠ རེ་ཡི་ཁྲིམས་ཐག་བཅད་ཐོག དཔལ་འབྱོར་གྱི་ཉེས་ཆད་རྒྱ་སྒོར་ཁྲི་ ༥ རེ་བཅད། གཞན་བསྟན་པ་རྒྱ་མཚོ་དང་རྟ་མགྲིན་རྡོ་རྗེ། རྟ་མགྲིན་ཚེ་རིང་དང་གཅོད་པ་ཚེ་རིང་བཅས་ལ་མི་ལོ་ ༩ རེ་ཡི་ཁྲིམས་ཐག་བཅད་པའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་རྒྱ་སྒོར་ཁྲི་ ༥ རེ་བཅད། དེ་བཞིན་ཚེ་དབང་ཞེས་པ་ལ་མི་ལོ་ ༩ དང་ཕྱེད་ཀའི་རིང་བཙོན་འཇུག་དང་རྒྱ་སྒོར་ཁྲི་ ༥ ཡི་ཁྲིམས་ཐག་བཅད་ཡོད་པ་རེད།

བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བའི་ཁྲིམས་ཆད་དེ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དབྱེ་ཞིབ་བྱས་པའི་གནད་དོན་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ས་གནས་ཀྱི་བོད་མི་སྤྱི་ཚོགས་སྣེ་ཁྲིད་པ་དག་ནི། དམར་ཤོག་ཚོགས་པའི་དབང་ཆར་གཞི་རིམ་རང་བཞིན་ཅན་གྱི་ཉེན་ཁ་ཞིག་ཏུ་མཐོང་བཞིན་པ་དང་། རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་སོགས་ཀྱི་ལས་འགུལ་འོག་བོད་མིར་ཉེས་ཆད་བཙན་འགེལ་བྱེད་བཞིན་པ་དང་། དེ་བཞིན་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དབང་ཤུགས་ཁྲིམས་ལུགས་བརྒྱུད་བོད་མིའི་གཞི་རིམ་སྤྱི་ཚོགས་ནང་སྤེལ་གྱི་ཡོད་སྐོར་སོགས་བཀོད་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མཱ་ཊེའོ་མེ་ཁ་སེ་ (Matteo Mecacci) ལགས་ཀྱིས། བསང་ཆུའི་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པ་དེ་ཡིས་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་དང་ཁྲིམས་ལུགས་ལ་ཁ་གཡར་ཏེ། བོད་ནང་དྲང་བདེན་མིན་པའི་ཐོག་ནས་བོད་མི་ཚོ་དམིགས་འབེན་དུ་འཛིན་བཞིན་པ་ར་སྤྲོད་ཐུབ་པ་ཞིག་དང་། བོད་མི་ཚོར་རང་ཆས་སུ་ཡོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཡོད་དགོས་ལ། བོད་མི་ཚོར་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་ལ་བརྟེན། ས་གནས་བོད་མི་རྣམས་རྒྱ་ནག་གཞུང་གི་ཁྲིམས་ལ་ཡིད་ཆེས་དཀའ་བ་བཟོ་བཞིན་པ་མ་ཟད། དེའི་གནས་སྟངས་ཇེ་སྡུག་ཏུ་གཏོང་བཞིན་པ་ཤེས་དགོས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༠/༠༥

Leave a Reply