ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

འདི་ལོའི་ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་དེ་མཆིན་ཚད་ནད་འབུའི་སྨན་བཅོས་ཐད་ཞབས་འདེགས་ཞུ་མཁན་ཨ་རི་དང་དབྱིན་ཡུལ་གྱི་ཆེད་མཁས་པ་གསུམ་ལ་ཐོབ་ཡོད་འདུགདེ་རིང་ཕྱི་དྲོར་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་དེ། ཨ་རིའི་སྨན་བཅོས་ཆེད་མཁས་པ་སྐུ་ཞབས་ཧར་ཝེ་(Harvey J. Alter)ལགས་དང། ཨ་རིའི་ནད་འབུ་རིག་པ་བ་སྐུ་ཞབས་ཆྰར་ལེ་སི་(Charles M. Rice)ལགས། དེ་བཞིན་དབྱིན་ཡུལ་གྱི་ཚན་རིག་པ་སྐུ་ཞབས་མྰེ་ཁིལ་(Michael Houghton)བཅས་ལ་གནང་གཏན་འཁེལ་ཡོད་པ་དང་། ཁོང་རྣམ་པས་ལོ་མང་རིང་གོ་ལ་ཡོངས་ཁྱབ་ཏུ་གྱུར་བའི་ཁྲག་ལས་མཆེད་པའི་མཆིན་ནད་(blood-borne hepatitis)འགོག་རྒོལ་ཆེད་སྨན་བཅོས་གསར་གཏོད་གནང་སྟེ། སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད་པར་ངོས་འཛིན་གནང་འདུག

ནོ་བྷེལ་ལྷན་ཚོགས་ཀྱིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཆེད་མཁས་པ་ཁོང་གསུམ་ནས་གོ་ལ་ཡོངས་ཁྱབ་ངང་དཀའ་ངལ་དུ་གྱུར་ཡོད་པའི་མིའི་རིགས་ཀྱི་མཆིན་ཚད་ན་ཚའི་སྐོར་ནས་སྨན་བཅོས་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་ལག་ལེན་ཁག་ཅིག་ཤེས་རྟོགས་བྱུང་ཡོད་པ་དང་། ཁོང་ཚོས་མཆིན་ཚད་སྐོར་ལ་ལས་དོན་མ་སྒྲུབ་པའི་སྔོན་དེར། མཆིན་ཚད་ཀ་པ་(Hepatitis A)དང་མཆིན་ཚད་ཁ་པའི་(B viruses)ནད་དུག་ཤེས་རྟོགས་བྱུང་བ་ནི་མདུན་སྐྱོད་ཀྱི་གོམས་སྟབས་ཆེན་པོ་ཞིག་ཡིན་ན་ཡང་། དེའི་སྔོན་ཁྲག་ལས་ཁྱབ་པའི་མཆིན་ཚད་ཀྱི་ནད་རྟགས་གསལ་རྟོགས་ཐུབ་མེད་པ་དང་། ཁོང་ཚོས་མཆིན་ཚད་ག(Hepatitis C virus)པའི་ནད་རྟགས་ཀྱིས་མཆིན་ནད་ཀྱི་ནད་རྐྱེན་གསལ་སྟོན་དང་། མཆིན་ནད་ཀྱི་ཁྲག་ལ་བཤེར་འཇལ་དང་སྨན་རྫས་གསར་པ་བཀོལ་ཐུབ་པར་བྱས་པ་དེས། འཛམ་གླིང་ཡོངས་སུ་མི་ཁྲི་བརྒྱ་ལྷག་གི་ཚེ་སྲོག་སྐྱོབ་ཐུབ་པའི་བྱས་རྗེས་བཞག་ཡོད་སྐོར་བཀོད་འདུག

འདི་ལོའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་འདོན་ཁྱབ་བསྒྲགས་དེ། སི་ཝེ་ཌན་རྒྱལ་ཁབ་ཀྱི་སི་ཊོག་ལམ་(Stockholm)གྲོང་ཁྱེར་གྱི། ཀེ་རོ་ལན་སི་ཁ་(Karolinska Institutet)གཙུག་ལག་སློབ་གཉེར་ཁང་དུ་ཚོགས་བཞིན་པའི་ནོ་བྷེར་ལྷན་ཚོགས་སྟེང་ཡོངས་བསྒྲགས་གནང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཆེད་མཁས་པ་མང་པོས། ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་འདི་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་ནི་དམིགས་བསལ་གྱིས་གལ་གནད་རང་བཞིན་ཅན་ཞིག་ཆགས་ཡོད་པ་དང་། ནོ་བྷེལ་གཟེངས་རྟགས་ཀྱིས་སྨན་དང་འབྲེལ་བའི་ཞིབ་འཇུག་གིས་འཛམ་གླིང་གི་སྤྱི་ཚོགས་དང་དཔལ་འབྱོར་ཐོག་གལ་ཆེན་ཇི་ཙམ་ཡིན་པ་སྟོན་གྱི་ཡོད་སྐོར་སོགས་བརྗོད་འདུག

གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཧར་ཝེ་ཨལ་ཊར་ལགས་ནི་ཕྱི་ལོ་ ༡༩༣༥ ལོར་ཨ་རིའི་ནེའུ་ཡོག་མངའ་སྡེའི་ནང་སྐྱེས་ཤིང་། ཨ་རིའི་སྨན་རིག་ཞིབ་འཇུག་པ་དང་ནད་འབུ་རིག་པ་ཞིག་ཡིན་པ་དང། ཁོང་གི་ཕྱག་ལས་ཁག་ལ་དེ་སྔ་ཨ་རིའི་གཞུང་གི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དང་། ཁྱད་འཕགས་སྲི་ཞུའི་གཟེངས་རྟགས་(Distinguished Service Medal)སོགས་ཐོབ་ཡོད་འདུག དེ་བཞིན་སྐུ་ཞབས་ཆྰར་ལེ་སི (Charles M Rice )ལགས་ནི་ཕྱི་ལོ་ ༡༩༥༢ ལོར་ཨ་རིའི་ཁ་ལེ་ཧྥོར་ནེ་ཡའི་མངའ་སྡེའི་ནང་སྐྱེས་ཤིང་། གཅན་གཟན་རིག་པར་ཞིབ་འཇུག་བྱས་རྗེས། ཕྱི་ལོ་ ༡༩༨༡ ལོར་སྲོག་དངོས་རིག་པའི་སློབ་དཔོན་གྱི་ལག་འཁྱེར་བླངས་ཡོད་པ་དང་། ད་ལྟ་ཝ་ཤིན་ཊོན་གཙུག་ལག་སློབ་གྲྭའི་སྨན་རིག་ཚན་པའི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད་འདུག

གཞན། སྐུ་ཞབས་མྰེ་ཁིལ་ལགས་ནི་ཕྱི་ལོ་ ༡༩༤༩ ལོར་དབྱིན་ཡུལ་དུ་སྐྱེས་ཤིང་། སྐྱེ་དངོས་ཕྲ་མོ་དང་ནད་འབུ་རིག་པའི་ཆེད་ལས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༩༨ ལོར་རྒྱལ་སྤྱིའི་མཆིན་ཚད་ཐེབས་རྩའི་གཟེངས་རྟགས་ཐོབ་པ་སོགས་རྒྱལ་སྤྱིའི་གཟེངས་རྟགས་མང་པོ་ཞིག་ཐོབ་མྱོང་ཡོད་པ་མ་ཟད། ཁོང་ནི་ཁེ་ན་ཊའི་གཟེངས་རྟགས་གྲགས་ཅན་ཨ་སྒོར་འབུམ་ ༡ ཅན་གྱི་གྷིར་ནར་ཐེབས་རྩའི་རྒྱལ་སྤྱིའི་གཟེངས་རྟགས་(Gairdner Foundation International Award)བཞེས་མཁན་ཐོག་མ་དེ་ཆགས་ཡོད་འདུག  སྐབས་དེར་ཁོང་གིས་རང་ཉིད་ཀྱི་ལས་གྲོགས་(Dr. Qui-Lim Choo)དང་(Dr. George Kuo)གཉིས་མ་ཚུད་པར། ཁོང་གཅིག་པོར་གཟེངས་རྟགས་དེ་ལེན་པའི་འོས་བབ་མེད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༥

Leave a Reply