སྲིད་འཛིན་ཊོམ་ཕུ་མཆོག་སྨན་ཁང་ནས་ཕོ་བྲང་དཀར་པོར་ཕྱིར་ལོག

དགུང་གྲངས་ ༧༤ ཡིན་པའི་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་ཀྱང་ཆུ་ཚོད་ ༧༢ ཙམ་རིང་སྨན་བཅོས་བྱས་རྗེས་ཕྱིར་ཕོ་བྲང་དཀར་པོའི་ནང་ལོག་ཡོད་འདུགཁ་སང་ཕྱི་ཚེས་ ༥ ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༦:༣༠ སྟེང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ཏོག་ནད་སྨན་བཅོས་བྱེད་བཞིན་པའི་སྨན་ཁང་ནས་ཕྱིར་ཐོན་ཏེ། ཨ་རིའི་ཕོ་བྲང་དཀར་པོའི་བཞུགས་གནས་སུ་ཕྱིར་ཕེབས་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་ནང་བསླེབས་རྗེས་ཁ་རས་སོགས་ཕུད་ནས་རྒྱུན་ལྡན་ལྟར་གནང་གི་ཡོད་སྟབས། དམངས་གཙོ་ཚོགས་པ་སོགས་ནས་སྲིད་འཛིན་མཆོག་ནས་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་གཙོ་བོར་བཟུང་སྟེ། ཉེ་འཁོར་གྱི་མི་རྣམས་ལ་ནད་ཡམས་འགོས་ཁྱབ་ཏུ་འགྲོ་བར་འཛེམས་དོགས་གནང་གི་མེད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་བཞིན་འདུག

སྲིད་འཛིན་ཊོམ་ཕུ་མཆོག་སྨན་ཁང་ནས་ཕྱིར་མ་ཐོན་གོང་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊེ་ཝེ་ཊིར་སྟེང་བརྙན་ཐུང་ཞིག་སྤེལ་བའི་ནང་། དེ་རིང་ཕྱི་དྲོ་ནས་ང་སྨན་ཁང་ནས་ཕྱིར་འབུད་རྒྱུ་ཡིན་པ་དང་། ང་ཧ་ཅང་བདེ་འཚམས་ཡིན། ཏོག་དབྱིབས་གཉན་རིམས་ལ་སྐྲག་མི་དགོས་པ་དང་། ཏོག་ནད་ཀྱིས་ཁྱེད་ཚོའི་ཚེ་སྲོག་ལ་དབང་སྒྱུར་བྱེད་བཅུག་རྒྱུ་མེད་ཅེས་སོགས་གསུངས་ཡོད་པ་མ་ཟད། ཁོང་གིས་ཨ་རིས་འཛམ་གླིང་གི་ཏོག་དབྱིབས་གཉན་རིམས་ཀྱི་འགོག་སྨན་ཡག་ཤོས་ཁག་ཅིག་བཟོ་སྐྲུན་ཐུབ་ཡོད་པ་དང་། འགོག་སྨན་དེ་དག་ཅུང་ཙམ་ལས་མི་འགོར་བར་འདོན་སྤེལ་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཡང་ཁོང་གིས། ད་ལྟ་ངའི་འཕྲོད་བསྟེན་གནས་སྟངས་ཧ་ཅང་ཡག་པོ་ཡོད་པ་དང་། ལོ་ན་ ༧༤ ཡིན་པའི་ཨ་རིའི་སྲིད་འཛིན་ལོ་ན་ ༢༠ སྔོན་ལས་བདེ་ཐང་ཆེ་བ་ཡོད་པའི་ཚོར་སྣང་ཡོང་གི་འདུག་ཅེས་དང་། རྗེས་སུ་ཁོང་གིས་བསྐྱར་དུ་ཊེ་ཝེ་ཊིར་སྤྱི་ཚོགས་དྲ་ལམ་ཐོག་མགྱོགས་པོར་འོས་བསྡུའི་ལས་འགུལ་སྤེལ་དུ་འགྲོ་འཆར་ཡོད་པ་དང་། གསར་འགྱུར་རྫུན་མ་རིགས་ཀྱིས་མི་མང་གི་བསམ་ཚུལ་འདྲི་ཞིབ་ཀྱི་གྲུབ་འབྲས་རྫུན་མ་རྐྱང་སྟོན་གྱི་ཡོད་སྐོར་གསུངས་འདུག

སྲིད་འཛིན་ཊོམ་ཕུ་མཆོག་སྨན་ཁང་ནས་ཕྱི་ལ་ཐོན་ནས་ཆུ་ཚོད་ ༡ ཙམ་རྗེས། ཁོང་སྒེར་གྱི་གསར་འགོད་དྲུང་ཆེ་ལྕམ་(Kayleigh McEnany)ལགས་སུ་ཏོག་ནད་ནད་རྟགས་ཐོན་ཡོད་པ་དང་།མོས་སྤྱི་ཚོགས་དྲ་ལམ་ཊེ་ཝེ་ཊིར་བརྒྱུད་མོའི་བརྟག་དཔྱད་གྲུབ་འབྲས་ལ་ནད་རྟགས་ཐོན་ཡོད་ཀྱང་། ནད་ཀྱི་རྟགས་མཚན་ཁག་གང་ཡང་མེད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་ལའང་ནད་རྟགས་ཐོན་བཞིན་ཡོད་པ་དང་། ཨ་རིའི་ནང་ཐེངས་འདིར་ཕོ་བྲང་དཀར་པོའི་ནང་ཏོག་ནད་འགོས་ཁྱབ་ཇི་ལྟར་ཕྱིན་པའི་སྐོར་ལ་གླེང་སློང་ཤུགས་ཆེར་ཡོང་གི་ཡོད་པ་དང་། ཕྱི་ཟླ་༩ ཚེས་ ༢༦ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕོ་བྲང་དཀར་པོའི་ནང་ཨ་རིའི་ཁྲིམས་དཔོན་མཚན་འདོན་ཚོགས་འདུ་ཞིག་བསྡུས་པའི་སྟེང་ཁྱབ་ཡོད་པའི་དོགས་གཞི་བྱེད་མཁན་ཤུགས་ཆེར་ཡོང་གི་ཡོད་པ་དང་། སྐབས་དེའི་མཛད་སྒོའི་སྟེང་མི་གྲངས་ ༡༨༠ ལྷག་འཛོམས་ཡོད་འདུགཐེངས་འདིར་སྲིད་འཛིན་ཊོམ་ཕུ་སྨན་ཁང་ནང་ཉིན་གྲངས་ ༥ ཙམ་ལས་མ་བསྡད་པར་ཏོག་ནད་དྲག་སྐྱེད་བྱུང་ཡོད་སྐོར་བརྗོད་དེ། ཕྱིར་ཕོ་བྲང་དཀར་པོར་ཕེབས་པའི་ཐད་ཨ་རིའི་དམངས་གཙོ་ཚོགས་པ་དང་སྨན་པ་ཁག་ཅིག་གིས་དོགས་སློང་དང་སྐྱོན་བརྗོད་བྱེད་ཀྱི་འདུག ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་སྲིད་འཛིན་ཊོམ་ཕུ་མཆོག་སྨན་ཁང་ནས་རླངས་འཁོར་ལ་བསྡད་དེ། ཁོང་གི་རྒྱབ་སྐྱོར་བ་ཚོར་རྒྱང་མཇལ་སོགས་གནང་ཡོད་སྟབས། ཁོང་གིས་འོས་བསྡུའི་ཆེད་མི་མང་ལ་གཉན་རིམས་འགོས་ཁྱབ་འགྲོ་བར་འགན་འཁུར་གྱི་མེད་སྐོར་དང་། དེ་བཞིན་ཁོང་ཕོ་བྲང་དཀར་པོར་ལོག་པ་དེས་མུ་མཐུད་ཁོང་སྲིད་འཛིན་ལ་འདུག་ཐུབ་པའི་ཆབ་སྲིད་རྩེད་བཞིན་ཡོད་པ། ཁོང་སྨན་ཁང་དུ་ཡོད་སྐབས་སྨན་བཅོས་ཡག་པོ་བྱས་ཏེ་མི་འདུག་པར་གང་བྱུང་བྱས་པ་དེས། ཁོང་གིས་རང་གི་སྐུ་སྲུང་བ་ཚོའི་ཚེ་སྲོག་ལ་སྣང་ཆུང་བྱས་པ་ཡིན་སྐོར། འཕྲོད་བསྟེན་ཆེད་མཁས་པ་མང་པོས་སྲིད་འཛིན་མཆོག་ལོ་ན་ ༧༠ ལས་བརྒལ་ཡོད་སྟབས། ལོ་ན་མཐོ་བའི་རིགས་ལ་ནད་གཞི་དེ་དྲག་སྐྱེད་འབྱུང་དཀའ་སྟབས། ཁོང་གི་ནད་དེ་གཞན་ལ་བགོ་སྲིད་པ་མ་ཟད་ནད་ལོག་རྒྱག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བཞིན་ཡོད་འདུག

ཊོམ་ཕུ་མཆོག་ནས་སྨན་བཅོས་བྱེད་སའི་སྨན་ཁང་གི་སྨན་པ་ཚོས་སྲིད་འཛིན་མཆོག་གི་ནད་གཞི་བསྐྱར་ལངས་ཀྱིས་གཞན་ལ་འགོས་ཁྱབ་འགྲོ་རྒྱུའི་ཁག་ཐེག་མི་ཐུབ་པ་དང་། ཁོང་ལ་ནད་པ་ཆེས་ཛ་དྲག་ཚོར་གཏོང་རྒྱུའི་སྨན་བཏང་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཕོ་བྲང་དཀར་པོའི་སྨན་པ་(Dr Sean Conley)ལགས་ནས་སྲིད་འཛིན་གྱི་ནད་གཞི་མཐའ་གཅིག་ཏུ་དྲག་སྐྱེད་བྱུང་མེད་ན་ཡང་། ཕོ་བྲང་དཀར་པོའི་ནང་ལོགས་ནས་ཕྱག་ལས་གཉེར་ཆོག་པའི་དུས་རན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། གཞན་ཕོ་བྲང་དཀར་པོའི་སྨན་པའི་ལྷན་ཚོགས་ནས་སྲིད་འཛིན་མཆོག་སྨན་ཁང་གི་ཕྱི་ལ་ཐོན་པར་ཆ་རྐྱེན་ཡོངས་སུ་ཚང་ཡོད་པ་དང་། སྲིད་འཛིན་མཆོག་ལ་དུས་ཡུན་ཆུ་ཚོད་༧༢ རིང་སྨན་བཅོས་བྱས་པར། ཁོང་ལ་ཚ་བ་འཕར་བ་དང་དབུགས་འབྱིན་རྔུབ་ལ་དཀའ་ངལ་སོགས་གང་ཡང་བྱུང་མེད་པ་དང་། གཟའ་ཟླ་བ་ནས་བཟུང་ནད་གཞི་དྲག་སྐྱེད་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་མི་མང་པོ་ཞིག་གིས་སྲིད་འཛིན་ཊོམ་ཕུ་དང་སྐུ་ལྕམ་གཉིས་ལ་ཏོག་ནད་ག་དུས་ཤིག་ལ་འགོས་ཁྱབ་ཕྱིན་ཡོད་མེད་དང་། གནད་དོན་དེ་ཕོ་བྲང་དཀར་པོའི་ལས་གཉེར་བ་ཚོས་གསང་བ་བྱས་མེད་པ་དང་། གལ་ཏེ་ཕྱི་ཚེས་ ༢༦ ཉིན་གྱི་འདུ་འཛོམས་སྐབས་ཏོག་ནད་འགོས་ཁྱབ་ཕྱིན་ནས་སྦས་གསང་བྱས་ཡོད་ཚེ། དེའི་རྗེས་སྲིད་འཛིན་མཆོག་འོས་བསྡུའི་དྲིལ་བསྒྲགས་ཆེད་ཕྱོགས་སྐྱོད་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༢༩ ཉིན་ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིའི་ཐོག་མའི་བགྲོ་གླེང་ལ་མཉམ་ཞུགས་སོགས་བྱས་ཡོད་པ་སོགས། གནད་དོན་དེ་གླེང་གཞི་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་པ་མ་ཟད། ཨ་རིའི་སྨན་པ་དང་ཆེད་མཁས་པ་ཚོས་ཐེངས་འདིར་སྲིད་འཛིན་མཆོག་ལ་ཏོག་ནད་འགོས་ཁྱབ་དང་འབྲེལ། ཁོང་གི་གནང་ཕྱོགས་ཁག་ཅིག་གིས་མི་མང་གིས་ཏོག་ནད་ལ་ལྟ་སྟངས་སོགས་འགྱུར་ཏེ། ཏོག་ནད་སྔར་ལས་ཤུགས་ཆེར་མི་འགྱུར་ཆེད་ལམ་སྟོན་དང་བློ་འཚབ་ཡོང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༦

Leave a Reply