ནོ་བྷེལ་དངོས་ཁམས་གཟེངས་རྟགས་ཐོབ་མཁན་ཡོངས་བསྒྲགས་གནང་།

འདི་ལོའི་ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཨ་རི་དང་དབྱིན་ཡུལ་འཇར་མན་གསུམ་གྱི་གནམ་རིག་སྐར་དཔྱད་དང་གྲངས་རིག་ཚན་རིག་པ་གསུམ་ལ་ཐོབ་ཡོད་འདུགདེ་རིང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོ་བྷེལ་དངོས་ཁམས་ཚན་རིག་གཟེངས་རྟགས་དེ་དབྱིན་ཡུལ་གྱི་གྲངས་རིག་དངོས་ཁམས་ཚན་རིག་པ་དང་གྲངས་རིག་ལྟ་གྲུབ་སྨྲ་བ་སྐུ་ཞབས་རའོ་གྷེར་པན་རའོ་སི(Roger Penrose)ལགས་དང་། འཇར་མན་གྱི་གནམ་རིག་སྐར་དཔྱད་རིག་པ་བ་སྐུ་ཞབས་རེན་ཧར་སྒྲི་གྷན་ཛིལ(Reinhard Genzel)ལགས། ཨ་རིའི་གནམ་རིག་སྐར་དཔྱད་རིག་པ་བ་དང་དངོས་ཁམས་རིག་པའི་སློབ་དཔོན་ལྕམ་ཨན་དྷི་རྰ(Andrea M. Ghez)ལགས་བཅས་སུ་གནང་གཏན་འཁེལ་ཡོད་པ་དང་། ཁོང་རྣམ་པས་འཇིག་རྟེན་ཁམས་ཀྱི་ཆེས་ངོ་མཚར་ཆེ་བའི་བུ་ག་ནག་པོའི་(black hole)སྣང་ཚུལ་གསར་རྙེད་དང་། དེ་འབྲེལ་གྱི་ཚན་རིག་དཀའ་གནད་ཁག་ཅིག་སེལ་ཡོད་པར་ངོས་འཛིན་གནང་ཡོད་འདུག

ནོ་བྷེལ་ལྷན་ཚོགས་ཀྱིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཚན་རིག་པ་ཁོང་ཚོར་འདི་ལོའི་ནོ་བྷེལ་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྐུ་ཞབས་རེན་ཧར་སྒྲི་གྷན་ཛིལ་དང་ལྕམ་ཨན་དྷི་རྰ་ལགས་གཉིས་ནས་མཁའ་དབྱིངས་དགུ་ཚིགས་ལྟེ་བར་སྤུས་ཚད་ཧ་ཅང་ལེགས་པའི་དངོས་གཟུགས་གསར་རྙེད་བྱུང་ཡོད་སྐོར་དང་། ཁོང་གཉིས་ཀྱི་ལས་དོན་དེས་འཇིག་རྟེན་གྱི་ལྐོག་གྱུར་གནས་ཚུལ་མང་པོ་ཞིག་གསལ་འབྱེད་དང་། གཟའ་སྐར་གྱི་འཁོར་སྐྱོད་ཐད་གསར་རྙེད་ཀྱི་གྲུབ་དོན་མང་པོ་བྱུང་ཡོད་པ་དང་།  སྐུ་ཞབས་རའོ་གྷེར་ལགས་ཀྱིས་ཁོང་གི་གྲངས་རིག་པའི་ཐབས་ལམ་སྤྱད་དེ། བུ་ག་ནག་པོ་དེ་ཨ་ཡན་སི་ཐན་གྱི་ལྟོས་གྲུབ་རིག་པའི་དཔྱད་དཔག་དང་མཚུངས་བ་བདེན་དཔང་བྱས་ཡོད་པ་དང་། དེ་ནི་བུ་ག་ནག་པོའི་སྣང་ཚུལ་སྐོར་ལ་མིག་སྔར་ཤེས་ཟིན་པའི་འགྲེལ་བཤད་གཅིག་པུ་དེ་ཆགས་ཡོད་སྐོར་བརྗོད་འདུག

ནོ་བྷེལ་གཟེངས་རྟགས་ཀྱི་འོས་མི་འདེམས་སྟངས་ནི། དང་པོ་ནོ་བྷེལ་ལྷན་ཚོགས་ཀྱིས་ལོ་རེའི་ནོ་བྷེལ་གཟེངས་རྟགས་ཀྱི་འོས་མིའི་མཚན་ཐོ་བསྡུ་རུབ་གནང་རྗེས། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཏེ་འོས་མིའི་མཚན་ཐོར་ཞིབ་བཤེར་གྱིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་སྲིད་གཞུང་། རྒྱལ་སྤྱིའི་ཁྲིམས་ཁང་ཁག གཙུག་ལག་སློབ་གཉེར་ཁང་ཁག་གི་སློབ་དཔོན་དང་ལྟ་གྲུབ་རིག་པ་བ། ལོ་རྒྱུས་རིག་པ་བ། ཆོས་ལུགས་རིག་པ་བ། ཞི་བདེའི་ཉམས་ཞིབ་ཚོགས་སྡེ་ཁག ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཟུར་པ། ནོ་བྷེལ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ། དེ་བཞིན་ནོ་བྷེལ་ལྷན་ཚོགས་ཀྱི་སློབ་སྟོན་པ་ཟུར་པ་སོགས་ལ་ཆེད་གཏོང་བྱས་ཏེ། ཁོང་ཚོའི་ལམ་སྟོན་དང་དགོངས་ཚུལ་གཞིར་བཟུང་སྟེ་མང་མོས་ཀྱི་ལམ་ནས་ཐག་གཅོད་གནང་གི་ཡོད་པ་ཞིག་ཡིན་འདུག

སྐུ་ཞབས་རའོ་གྷེར་པན་རའོ་སི་ལགས་ནི་ཕྱི་ལོ་ ༡༩༣༡ ལོར་དབྱིན་ཡུལ་དུ་སྐྱེས་ཤིང་། གྲངས་རིག་དངོས་ཁམས་རིག་པ་དང་གྲངས་རིག་སྨྲ་བ། དེ་བཞིན་ལྟ་གྲུབ་རིག་པ་བ་ཞིག་ཡིན་འདུག་ལ། ཁོང་གི་དངོས་ཁམས་རིག་པའི་ཐོག་ལ་བྱས་རྗེས་ཆེན་པོ་བཞག་པ་ལ་བརྟེན། ཕྱི་ལོ་ ༡༩༨༨ ལོར་རྒྱལ་སྤྱིའི་ (Wolf Prize) གཟེངས་རྟགས་དེ་ཚན་རིག་པ་གྲགས་ཅན་ (Stephen Hawking) ལགས་དང་ཁོང་གཉིས་ལ་ཐོབ་ཡོད་འདུག སྐུ་ཞབས་རེན་ཧར་སྒྲི་གྷན་ཛིལ་ལགས་ནི་ཕྱི་ལོ་ ༡༩༥༢ ལོར་འཇར་མན་དུ་སྐྱེས་ཤིང་། དངོས་ཁམས་རིག་པའི་ཐོག་སློབ་དཔོན་ཆེན་མོའི་ལག་ཁྱེར་བླངས་ཡོད་འདུག་ལ། ཁོང་ནི་ཧོང་ཀོང་གི་གནམ་རིག་སྐར་དཔྱད་རིག་པའི་གཟེངས་རྟགས་ཚན་པའི་དཔྱད་འདེམས་ཚོགས་མི་ཡིན་འདུག དེ་བཞིན་ལྕམ་ཨན་དྷི་རྰ་ནི་ཨ་རིའི་གནམ་རིག་སྐར་དཔྱད་པ་དང་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོའི་ (Discover magazine) དུས་དེབ་ཀྱི་ཚན་རིག་པ་རྩེད་ཕུད་གྲངས་ ༢༠ ཡི་ཐོ་གཞུང་ནང་ཚུད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༦

Leave a Reply